༡༦
ཟླ་བ་ཨ་བིབ་སྲུང་ལ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་པེ་སག་གི་དུས་ཆེན་བྱོས་ཤིག ཅི་ལ་ཞེ་ན། ཟླ་བ་ཨ་བིབ་ནང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་མཚན་མོའི་དུས་སུ་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་ཁྲིད་པར་མཛད་དོ། ༢ ཁྱོད་ཀྱིས་ཡ་ཧོ་ཝཱས་རང་གི་མཚན་འཇོག་ཏུ་འདམ་པར་བྱ་བའི་གནས་སུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་ཁྱོད་ཀྱི་ལུག་ཕྱུགས་ལས་པེ་སག་གསོད་པར་དགོས། ༣ དེ་དང་མཉམ་དུ་སྐྱུར་རྩི་མ་ཟ་སྟེ། ཞག་བདུན་གྱི་བར་དུ་སྐྱུར་རྩི་མེད་པའི་བག་ལེབ་སྡུག་བསྔལ་གྱི་བག་ལེབ་ཞེས་བྱ་བ་ཟོག་ཤིག ཁྱོད་ཚ་དྲག་བྱེད་ཅིང་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་སོང་བའི་ཕྱིར་རོ། དེ་ལྟར་མི་སེར་ཡུལ་ནས་འོངས་པའི་ཉིན་མོ་དེ་ནམ་འཚོ་བའི་བར་དུ་དྲན་པར་བྱོས་ཤིག ༤ ཁྱོད་ཀྱི་ས་མཚམས་ཐམས་ཅད་ལ་ཞག་བདུན་གྱི་བར་དུ་སྐྱུར་རྩི་གང་ཡང་མཐོང་བར་མི་དགོས། ཞག་དང་པོའི་དགོང་མོ་ལ་མཆོད་པར་ཕུལ་བའི་ཤ་ལས་ཅིའང་མཚན་གང་སྔ་མོའི་བར་དུ་ལུས་པར་མི་རུང་ངོ་། ༥ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་གྲོང་ཁྱེར་གང་གི་ནང་དུའང་པེ་སག་མི་གསད་ཀྱི། ༦ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཉིད་ཀྱི་མཚན་འཇོག་པའི་ཕྱིར་འདམ་པར་བྱ་བའི་གནས་དེར་དགོངས་མོ་ཉི་མ་ནུབ་པའི་ཚེ། ཁྱོད་མི་སེར་ཡུལ་ནས་འོངས་པའི་དུས་ཚོད་དུ་པེ་སག་གསོད་པར་དགོས། ༧ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་འདམ་པར་བྱ་བའི་གནས་སུ་བརྔོས་ནས་ཟོས་དང་། སྔ་མོ་ལ་ཁྱོད་རང་གི་གུར་རྣམས་སུ་ཕྱིར་ལོག་ཅིག ༨ ཞག་དྲུག་གི་བར་དུ་སྐྱུར་རྩི་མེད་པའི་བག་ལེབ་ཟོས་ཤིག ཞག་བདུན་པ་ལ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་འདུན་མ་ཆེན་པོ་ཡིན་པས་ལས་གང་ཡང་མ་བྱེད་ཅིག༩ བདུན་ཕྲག་བདུན་འདི་ལྟར་རྩིས་ཤིག སྟོན་ཐོག་ལ་ཟོར་བ་བརྒྱབ་པ་ནས་བཟུང་སྟེ་བདུན་ཕྲག་བདུན་པོ་དེ་རྩི་བ་ལ་ཞུགས་ཤིག ༡༠ ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བྱིན་རླབས་མཛད་པ་བཞིན་དུ་ཁྱོད་ཀྱི་ལག་པས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་རང་དགར་ཕུལ་བའི་མཆོད་པའི་སྒོ་ནས་བདུན་ཕྲག་རྣམས་ཀྱི་དུས་ཆེན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་སྲུང་ལ། ༡༡ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་རང་གི་མཚན་འཇོག་པའི་ཕྱིར་འདམ་པར་མཛད་པའི་གནས་སུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་ཁྱོད་བུ་དང་བུ་མོ་དང་གཡོག་པོ་དང་གཡོག་མོ་དང་ཁྱོད་ཀྱི་སྒོ་ཁང་ལ་ཡོད་པའི་ལེ་ཝི་པ་དང་ཁྱེད་ཀྱི་ནང་ན་ཡོད་པའི་ཕྱི་མི་དང་དྭ་ཕྲུག་དང་མོ་རང་མོ་དང་མཉམ་དུ་སེམས་དགའ་བར་བྱོས། ༡༢ ཡང་ཁྱོད་མི་སེར་ཡུལ་ན་བྲན་འཁོལ་བྱས་པ་དྲན་པར་བྱེད་དེ་སྤྱད་མཚམས་དེ་རྣམས་སྲུང་ལ་སྒྲུབ་ཅིག
༡༣ ཁྱོད་ཀྱི་འབྲུ་དང་རྒུན་འབྲུམ་བསྡུས་ནས། ཞག་བདུན་གྱི་བར་དུ་སྤྱིལ་བུ་རྣམས་ཀྱི་དུས་ཆེན་སྲུང་ཞིག ༡༤ ཁྱོད་ཀྱི་དུས་ཆེན་དེའི་སྐབས་སུ་ཁྱོད་བུ་དང་བུ་མོ་དང་གཡོག་པོ་དང་གཡོག་མོ་དང་ལེ་ཝི་པ་དང་ཕྱི་མི་དང་དྭ་ཕྲུག་དང་མོ་རང་མོ་ཁྱོད་ཀྱི་སྒོ་ཁང་ལ་ཡོད་པ་དང་ལྷན་ཅིག་ཏུ་སེམས་དགའ་བར་བྱོས་ཅིག ༡༥ ཞག་བདུན་གྱི་བར་དུ་ཡ་ཧོ་ཝཱས་འདམ་པར་བྱ་བའི་གནས་སུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་དུས་ཆེན་ཆེ་བ་ཞིག་བྱེད་པར་དགོས། གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་ལོ་ཐོག་ཐམས་ཅད་དང་ཁྱོད་ཀྱི་ལག་པའི་ལས་ཐམས་ཅད་ལ་བྱིན་རླབས་མཛད་པས་ངོ་ཐོག་སེམས་དགའ་བར་བྱ་བའི་ཕྱིར་རོ། ༡༦ ལོ་རེ་བཞིན་ལན་གསུམ་ཁྱོད་ཀྱི་ནང་ན་ཕོ་གང་ཡིན་པ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་ཁོང་གིས་འདམ་པར་བྱ་བའི་གནས་སུ་འབྱུང་བའི་རིགས་སོ། ནམ་ཞེ་ན། སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་དང་། བདུན་ཕྲག་རྣམས་ཀྱི་དུས་ཆེན་དང་། སྤྱིལ་བུ་རྣམས་ཀྱི་དུས་ཆེན་གསུམ་གྱི་སྐབས་སུ་དེ་དག་ལག་པ་སྟོང་པར་ཡ་ཧོ་ཝཱའི་ཞལ་ངོར་འབྱུང་བར་མི་རུང་གི། ༡༧ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་བྱིན་རླབས་བཞིན་དུ་མི་རེ་རེས་ཅི་ནུས་ཀྱིས་འབུལ་བར་དགོས་སོ༎
༡༨ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་གྲོང་ཁྱེར་ཐམས་ཅད་དུ་ཁྱོད་ཀྱི་སྡེ་རྣམས་བཞིན་དུ་ཁྱོད་ཀྱི་ཕྱིར་ཁྲིམས་དཔོན་རྣམས་དང་འགོ་བྱེད་རྣམས་སྐོས་ཤིག་དང་། དེ་དག་གིས་མི་སྡེའི་ཁྲིམས་དྲང་པོར་གཅོད་པར་དགོས། ༡༩ གཤགས་ལོག་མ་གཅོད་ཅིག མིའི་ངོ་ལ་མ་ལྟ། ཕག་སུག་ཀྱང་མ་ལེན་ཞིག གང་ལ་ཞེ་ན། ཕག་སུག་གིས་མི་བློ་གྲོས་ཅན་གྱི་མིག་རྣམས་ལོང་བར་བྱེད་དེ། ཆོས་དྲང་པོའི་གཏམ་རྣམས་རློག་པར་བྱེད། ༢༠ ཡོངས་སུ་དྲང་པོ་ཡིན་པའི་རྗེས་སུ་འབྲོང་དང་། འཚོ་ཞིང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་ནོར་སྐལ་དུ་ཐོབ་པར་འགྱུར་རོ༎