༡༥
ལོ་བདུན་བདུན་རྫོགས་སྐབས་སུ་ཁྱོད་ཀྱིས་འབུད་གཏོང་བར་དགོས། ༢ འབུད་གཏོང་ཚུལ་ནི་འདི་ལྟར་རོ། བུན་བདག་གང་གིས་ཀྱང་ནོར་རྫས་ཤིག་ཁྱིམ་མཚེས་ལ་བསྐྱིས་པ་དེ་འབུད་གཏོང་བར་དགོས། དེ་ནི་ཡ་ཧོ་ཝཱའི་ཕྱིར་འབུད་གཏོང་བའི་ལོ་ཡིན་པ་བཀར་བཏགས་པ་ཡིན་པས་སོ། ཁྱིམ་མཚེས་སམ་སྤུན་ལས་བུ་ལོན་འདེད་པར་མི་རུང་ངོ་། ༣ ཕྱི་མི་ཞིག་ལས་བུ་ལོན་འདེད་ཆོག་ཀྱང་། ཁྱོད་ཀྱི་ནོར་ནས་སྤུན་ལ་ཅི་ཡོད་པ་གཏོང་བར་དགོས། ༤ འོན་ཀྱང་དབུལ་པོ་སུ་ཡང་ཁྱོད་ཀྱི་དཀྱིལ་ན་ཡོད་པར་མི་རུང་ངོ་། གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་ནོར་སྐལ་དུ་བདོག་པའི་ཕྱིར་གནང་བར་འགྱུར་བའི་ཡུལ་དེ་ན་ཡ་ཧོ་ཝཱས་ཁྱོད་ལ་ངོ་ཐོག་བྱིན་རླབས་མཛད་པར་འགྱུར་རོ། ༥ ཁྱོད་ཀྱིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་ལ་ཞིབ་ཏུ་ཉན་ཏེ་ངས་དེ་རིང་ཁྱོད་ལ་སྐུལ་བའི་བཀའ་ཐམས་ཅད་སྲུང་ཞིང་སྒྲུབ་ན། ཁོང་གིས་དེ་བཞིན་དུ་མཛད་པར་འགྱུར་རོ། ༦ དེའང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གསུངས་པ་བཞིན་དུ་ཁྱོད་ལ་བྱིན་གྱིས་རློབ་འོང་བས། ཁྱོད་ཀྱིས་ཕྱིའི་མི་བརྒྱུད་མང་པོ་ལ་ནོར་སྐྱིའི། ཁྱོད་ཀྱིས་གང་ནས་ཀྱང་ནོར་སྐྱི་བར་མི་འགྱུར། ཡང་ཁྱོད་ཀྱིས་ཕྱིའི་མི་བརྒྱུད་མང་པོ་ལ་སྲིད་བྱེད་ཡོང་། དེ་དག་གིས་ཁྱོད་ལ་སྲིད་བྱེད་བར་མི་འགྱུར་རོ༎༧ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་ན་ཁྱོད་ཀྱི་གྲོང་ཁྱེར་གང་ལ་ཡང་གལ་ཏེ་ཁྱོད་ཀྱི་སྤུན་གྱི་ནང་ན་མི་དབུལ་པོ་ཞིག་ཡོད་ན། ནོར་མེད་པའི་སྤུན་ལ་བལྟས་ནས་སྙིང་སྲ་བར་མི་བྱེད་དེ་རང་གི་ལག་པ་བསྡམ་པར་མ་བྱེད། ༨ སེམས་དགའ་བཞིན་ཁྱོད་ཀྱི་ལག་པ་དེའི་ཕྱོགས་སུ་ཕྱེ་སྟེ། དེ་ལ་དགོས་པ་ལ་ཚང་བ་ཅིས་ཀྱང་སྐྱི་བར་དགོས། ༩ ཁྱོད་ཀྱི་སྙིང་ངན་པ་ལ་ལོ་བདུན་པ་ཞེ་ན། འབུད་གཏོང་བའི་ལོ་ཉེ་བར་འོངས་སོ་ཞེས་བསམས་ཤིང་ཁྱོད་ཀྱི་སྤུན་དབུལ་པོ་ལ་ངོ་ནག་བསྟན་ཏེ་སྦྱིན་པ་ཅིའང་མ་བྱིན་པས། དེས་ཁྱོད་ཀྱི་ཕྱིར་ཡ་ཧོ་ཝཱ་ལ་འོ་དོད་འདོན་ཞིང་། བྱ་བ་དེ་ཁྱོད་ཀྱི་ཕྱིར་སྡིག་པའི་རྒྱུར་འགྱུར་འོང་བ་ལས་སྲུངས་ཤིག ༡༠ ཅི་ནས་ཀྱང་དེ་ལ་སྦྱིན་ཞིག་དང་། སྦྱིན་སྐབས་སུ་སེམས་མི་དགའ་བར་བྱེད་དུ་མི་རུང་ངོ་། ཅི་ལ་ཞེ་ན། བྱ་བ་དེའི་དོན་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱིས་བྱེད་པའི་ལས་ཐམས་ཅད་དང་། ཁྱོད་ཀྱིས་གང་ལ་ལག་པ་རེག་པའི་རྫས་ལ་བྱིན་རླབས་མཛད་པར་འགྱུར་བའི་ཕྱིར་རོ། ༡༡ དབུལ་ཕོངས་རྣམས་ཁྱོད་ཀྱི་ཡུལ་ནས་ནམ་ཡང་མེད་པར་མི་འགྱུར་བས་ངས་ཁྱོད་ལ། ཁྱོད་ཀྱི་ཡུལ་ན་སྤུན་སྡུག་ཕོངས་པ་ནོར་མེད་པའི་ཕྱོགས་སུ་ཁྱོད་ཀྱི་ལག་པ་ཅིས་ཀྱང་ཕྱེས་ནས་ཞོག་དགོས་ཤེས་བཀའ་སྒོའོ༎
༡༢ ཡང་ཁྱོད་ཀྱི་སྤུན་ཨིབ་རི་པའམ་ཨིབ་རི་མས་ལོ་དྲུག་གི་བར་དུ་ཁྱོད་ཀྱི་གཡོག་བྱེད་པའི་ཕྱིར་ཁྱོད་ལ་འཚོང་བར་འགྱུར་ན་ལོ་བདུན་པར་ཁྱོད་ཀྱིས་དེ་གཏོང་ཞིང་ཐར་དུ་འཇུག་པར་དགོས། ༡༣ ཡང་ཐར་དུ་འཇུག་སྐབས་སུ་ལག་སྟོང་གཏོང་བའི་མི་རིགས་པས། ༡༤ ཁྱོད་ཀྱི་ལུག་ཁྱུ་དང་གཡུལ་ཁ་དང་འཆག་གཞོང་ལས་དེ་ལ་འཚོ་བ་རྒྱས་པར་སྦྱོར་བར་དགོས། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་བྱིན་གྱིས་བརླབས་པའི་ནོར་ཁྱོད་ལ་ཡོད་པ་ལས་དེ་ལ་སྦྱིན་ཞིག ༡༥ ཁྱོད་མི་སེར་ཡུལ་ན་བྲན་བྱས་ནས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཐར་བར་མཛད་པ་དེ་དྲན་པར་བྱོས། དེའི་ཕྱིར་ངས་དེ་རིང་གཏམ་དེ་ཁྱོད་ལ་དྲན་སྐུལ་ལོ། ༡༦ ཡང་མི་དེས་ཁྱོད་རང་དང་ནང་ཚང་ལ་བྱམས་པར་འཛིན་ཏེ་ཁྱོད་དང་འགྲོགས་ཏེ་བདེ་བར་གནས་པའི་ཕྱིར་གལ་ཏེ་ཁྱོད་ལ་ང་ཁྱོད་དང་འབྲལ་བར་མི་དགའ་ཟེར་ན། ༡༧ སྙུང་བུ་ཞིག་ཐོགས་ཏེ་རྣ་བ་སྒོ་ལ་བཞག་ནས་ཕིགས་ཤིག རྟག་ཏུ་ཁྱོད་ཀྱི་གཡོག་བྱེད་པར་དགོས། དེ་བཞིན་དུ་ཁྱོད་ཀྱི་གཡོག་མོ་ལ་ཡང་བྱེད་པར་དགོས། ༡༨ ད་ཐར་དུ་འཇུག་ཅིང་གཏོང་བ་དེ་ནི་དཀའོ་ཞེས་མ་སེམས་ཤིག དེས་གླ་པ་གཉིས་དང་འདྲ་བའི་ལོ་དྲུག་ཁྱོད་ཀྱི་གཡོག་བྱས་པ་ཡིན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱིས་བྱ་བའི་ལས་ཐམས་ཅད་ལ་བྱིན་གྱིས་རློབ་པར་འགྱུར་རོ༎
༡༩ ཁྱོད་ཀྱི་ལུག་ཕྱུགས་ནས་བྱུང་བའི་སྔོན་སྐྱེས་ཕོ་གང་ཡིན་པ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་དམ་པར་བྱོས་ཤིག ཁྱོད་ཀྱི་བ་གླང་གི་སྔོན་སྐྱེས་ལ་ལས་གང་ཡང་མ་འགེལ། ལུག་གི་སྔོན་སྐྱེས་ཀྱི་བལ་ཡང་མ་འབྲེག་ཅིག ༢༠ ལོ་རེ་བཞིན་ཡ་ཧོ་ཝཱས་འདམ་པར་བྱ་བའི་གནས་སུ་ཁྱོད་ནང་ཚང་དང་བཅས་པས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་དེ་ཟ་བར་དགོས། ༢༡ དེ་ནི་ཞ་བོའམ་ལོང་བའམ་སྐྱོན་ངན་པ་ལ་སོགས་པའི་སྐྱོན་ཡོད་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་མཆོད་པར་མི་འབུལ་ཏེ། ༢༢ ཁྱོད་ཀྱི་སྒོ་ཁང་ན་གཙང་བ་ཡིན་པ་དང་གཙང་བ་མ་ཡིན་པས་ཁྱད་མེད་པར་གནའ་བ་དང་ཤ་བ་ཟ་བ་དང་འདྲ་བར་དེ་ཡང་ཟ་དགོས། ༢༣ འོན་ཀྱང་དེའི་ཁྲག་མ་ཟ་སྟེ་ཆུ་ལྟར་ས་རུ་བླུག་ཅིག།