༡༤
ཁྱེད་ཅག་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་སྲས་རྣམས་ཡིན་པས། གཤིན་པོའི་དོན་དུ་ཁྱེད་རང་རྨས་པར་མ་བྱེད། སྨིན་མའང་འབྲེག་པར་མི་རུང་ངོ་།  གང་ལ་ཞེ་ན། ཁྱོད་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་དམ་པའི་མི་སྡེ་དང་། ཁྱོད་ནི་ཡ་ཧོ་ཝཱའི་མི་སྡེ་ཁྱད་མཚར་ཅན་ཞིག་ལ་འགྱུར་བའི་ཕྱིར་དུ། ས་གཞིའི་མི་སྡེ་ཐམས་ཅད་ཀྱི་ནང་ནས་འདམས་པ་ཡིན་ནོ༎
 ཁྱོད་ཀྱིས་ཞེན་ལོག་ཅིག་ཟ་བར་མི་རུང་ངོ་།  ཁྱོད་ཀྱིས་ཟ་བར་རུང་བའི་དུད་འགྲོ་ནི་འདི་ལྟ་སྟེ། བ་གླང་དང་། ལུག་དང་། ར་མ་དང་།  ཤ་བ་དང་། གནའ་བ་དང་། ཁ་ཤ་དང་། སྐྱིན་དང་། དི་ཤོན་དང་། འབྲོང་དང་། ཟེ་མེར་ཞེས་བྱ་བའོ།  དུད་འགྲོ་གང་ཡང་རྨིག་པ་ཁ་སྦྲག་རྨིག་པ་གཉིས་སུ་བྱེས་ཡོད་པ་དང་། སྐྱུག་ལྡད་བྱེད་པའི་དུད་འགྲོ་རྣམས་ཁྱེད་ཟ་བར་དགོས།  ཡིན་ཀྱང་སྐྱུག་ལྡད་བྱེད་པ་དང་། རྨིག་པ་ཁ་བྲག་རྣམས་ལས་རྔ་བོང་དང་། རི་བོང་དང་། འཕྱི་བ་ཟ་བར་མི་རུང་། ཅི་ལ་ཞེ་ན། དེ་དག་སྐྱུག་ལྡད་བྱེད་ཀྱང་རྨིག་པ་ཁ་བྲག་མེད་པས་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པའི་ཕྱིར་རོ།  ཡང་ཕག་པ་རྨིག་པ་ཁ་བྲག་ཡོད་ཀྱང་སྐྱུག་ལྡད་མི་བྱེད་པས་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་ཏེ། དེ་དག་གི་ཤ་ལས་ཀྱང་མ་ཟ། རོ་རྣམས་ལ་ཡང་མ་རེག་ཅིག
 ཡང་ཆུ་ལ་ཡོད་པ་ཐམས་ཅད་ལས་ཉ་ཤོག་དང་ཉ་སག་དང་ལྡན་པ་ཐམས་ཅད་ཟ་བར་རུང་གི། ༡༠ ཉ་ཤོག་དང་ཉ་སག་མེད་པ་ཐམས་ཅད་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པས་མ་ཟ་ཞིག
༡༡ འདབ་ཆགས་གཙང་བ་ཐམས་ཅད་ལས་ཟ་བར་རུང་གི། ༡༢ ཟ་བར་མི་རུང་བ་རྣམས་འདི་ལྟ་སྟེ། གླག་དང་། ཕེ་རེས་དང་། གོ་བོ་དང་། ༡༣ ཁྲ་དང་། བྱ་རྒོད་དང་། ད་ཡཱ་ཡི་རིགས་དང་། ༡༤ ཕོ་རོག་གི་རིགས་དང་། ༡༥ བྱ་འུག་པ་དང་། ཁུ་བྱུག་དང་། ནེ་ཙོའི་རིགས་དང་། ༡༦ འུག་ཆུང་དང་། འུག་རྒོད་དང་། བཞད་དང་། ༡༧ ཁ་སཱད་དང་། ར་ག་མ་དང་། ཤ་ལག་དང་། ༡༨ ཀ་སི་དཱ་དང་། སྐྱར་པོའི་རིགས་དང་། ཕུ་ཤད་དང་། ཕ་ཝང་རྣམས་སོ། ༡༩ ཡང་ལྟོ་འགྲོ་ཤོག་པ་དང་ལྡན་པ་ཐམས་ཅད་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པས་ཟ་བར་མི་རུང་། ༢༠ འདབ་ཆགས་གཙང་བ་ཐམས་ཅད་ལས་ཟོས་ཤིག
༢༡ ཤི་རོའི་རྫས་གང་ཡང་ཁྱོད་ཀྱིས་མ་ཟ་སྟེ་ཁྱོད་ཀྱི་སྒོ་ཁང་ལ་ཡོད་པའི་འགྲོན་པོས་ཟ་བའི་ཕྱིར་དེ་ལ་གཏོང་བའམ། ཕྱི་མི་ཞིག་ལ་འཚོང་བར་རུང་ངོ་། ཁྱོད་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་དམ་པར་གྱུར་པའི་རིགས་བརྒྱུད་ཡིན་པའི་ཕྱིར་རོ༎
རི་གུ་ཞིག་རང་གི་མའི་འོ་མ་ལ་མ་འཚོད་ཅིག
༢༢ ལོ་རེ་བཞིན་ཁྱོད་ཀྱི་ཞིང་ལས་འབྱུང་བའི་ས་བོན་གྱི་བཅུ་ཁག་འབུལ་བར་དགོས། ༢༣ ཁྱོད་ཉིན་རེ་བཞིན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་འཇིགས་པ་སློབ་པའི་ཕྱིར་ཡ་ཧོ་ཝཱས་རང་གི་མཚན་འཇོག་ཏུ་འདམས་པར་འགྱུར་བའི་གནས་སུ་ཁོང་གི་ཞལ་ངོར་ཁྱོད་ཀྱི་འབྲུ་དང་རྒུན་ཆང་དང་འབྲུ་མར་གྱི་བཅུ་ཁག་དང་ལུག་ཕྱུགས་ཀྱི་སྔོན་སྐྱེས་པ་རྣམས་ཟ་བར་དགོས། ༢༤ ཡང་གལ་ཏེ་ཁྱོད་ཀྱི་ཕྱིར་ལམ་ཐག་རིང་པོ་ཡོད་པས་དེ་རུ་འཁྱེར་མི་ཐུབ་པའམ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཉིད་ཀྱི་མཚན་འཇོག་ཏུ་འདམས་པའི་གནས་ཁྱོད་དང་རྒྱང་རིང་པོར་ཡོད་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བྱིན་རླབས་མཛད་པས། ༢༥ དངུལ་སྨར་རྐྱང་དུ་བསྒྱུར་ནས་བཏུམ་སྟེ་ལག་པས་འཁྱེར་ཞིང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་འདམས་པའི་གནས་སུ་འགྲོ་བ་དང་། ༢༦ དངུལ་དེའི་རིན་དུ་ཁྱོད་ཀྱིས་སེམས་རྫས་གང་ལ་དགའ་བ་ཞེ་ན། བ་གླང་ངམ། ལུག་གམ། རྒུན་ཆང་ངམ་ཆང་ལ་སོགས་པ་ལ་ཁྱོད་ཀྱི་སེམས་གང་དགའ་ན།
༢༧ ཁྱོད་རང་དང་ཁྱོད་ཀྱི་ནང་ཚང་དང་ཁྱོད་ཀྱི་སྒོ་ཁང་ལ་ཡོད་པའི་ལེ་ཝི་པས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་དེ་རུ་ཟ་ཞིང་སེམས་སྐྱིད་བྱོས་ཤིག ལེ་ཝི་པ་ལ་ཁྱོད་དང་མཉམ་དུ་བགོ་སྐལ་དང་ནོར་སྐལ་མེད་པས་དེ་ལ་བདག་རྐྱེན་བྱོས་ཤིག ༢༨ ལོ་གསུམ་གསུམ་རྫོགས་པའི་དུས་སུ་ལོ་དེ་རང་གི་ནོར་སྐྱེད་ཀྱི་བཅུ་ཁག་ཐམས་ཅད་ཕྱི་རོལ་ཏུ་ཁྱེར་ལ་སྒོ་ཁང་གི་ནང་དུ་ཞོག་དང་། ༢༩ ཁྱོད་དང་མཉམ་དུ་བགོ་སྐལ་དང་ནོར་སྐལ་མ་ཐོབ་པའི་ལེ་ཝི་པ་དང་འགྲོན་པོ་དང་དྭ་ཕྲུག་དང་མོ་རང་མོ་ཁྱོད་ཀྱི་སྒོ་ཁང་ལ་ཡོད་པ་རྣམས་ཀྱིས་ཟ་ཞིང་འགྲང་བར་དགོས། དེ་ནས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་ལག་པས་བྱེད་པའི་ལས་ཐམས་ཅད་ལ་བྱིན་གྱིས་རློབ་པར་འགྱུར་རོ༎