༡༣
གལ་ཏེ་ཁྱེད་ཚོའི་ནང་ལས་ལུང་སྟོན་པའམ་རྨི་ལམ་མཐོང་མཁན་འབྱུང་སྟེ་ཁྱོད་ལ་ལྟས་སམ་ལས་ཡ་མཚན་ཞིག་བསྟན་ནས།  ཁྱོད་ལ་ཟེར་བའི་ལྟས་སམ་ལས་ངོ་མཚར་བ་བཞིན་དུ་འབྱུང་བས་ཁྱོད་ཀྱིས་མི་ཤེས་པའི་གཞན་ལྷ་རྣམས་ལ་ལྟ་སྟེ་ཁྱོད་ལ། ངེད་གཞན་ལྷ་རྣམས་ཀྱི་རྗེས་སུ་འབྲང་ཞིང་དེ་དག་ལ་རིམ་གྲོ་བྱའོ་ཞེས་སྨྲ་ན།  ལུང་སྟོན་པའམ་རྨི་ལམ་མཐོང་མཁན་དེའི་གཏམ་ལ་ཉན་པར་མི་རུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱིས་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་སྙིང་ཚང་མ་དང་སེམས་ཚང་མ་ནས་གཅེས་པར་འཛིན་ནམ་མི་འཛིན་མཁྱེན་པའི་ཕྱིར་ཉམས་ཚོད་བཞེས་སོ།  ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་རྗེས་སུ་འབྲང་ཞིང་ཁོང་ལ་འཇིགས་ཏེ། ཁོང་གི་བཀའ་རྣམས་སྲུང་ཞིང་། ཁོང་གི་གསུང་ལ་ཉན་ཏེ། ཁོང་ལ་རིམ་གྲོ་བྱེད་ཅིང་ཁོང་ལ་རྟེན་པར་དགོས་སོ།  ལུང་སྟོན་པའམ་རྨི་ལམ་མཐོང་མཁན་དེས་ནི་ཁྱོད་མི་སེར་ཡུལ་གྱི་ཕྱི་རོལ་དུ་ཁྲིད་ཅིང་བྲན་ཁོལ་གྱི་ཁང་པ་ལས་སྒྲོལ་བར་མཛད་པའི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་ཁྱེད་ཀྱིས་ངོ་ལོག་བྱེད་དུ་བཅུག་པའི་དོན་དུ་གཏམ་སྨྲས་པ་དང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ལམ་འདི་ལ་འགྲུལ་ཞིག་ཅེས་བཀའ་གནང་བས། མི་དེས་ཁྱོད་ལམ་དེ་ལས་ཟློག་ཏུ་འཇུག་པར་བསམས་པས་གསོད་པར་དགོས། དེ་ལྟར་ཁྱོད་ཀྱི་དཀྱིལ་ནས་ངན་པ་ཅི་ཡོད་པ་མེད་པར་བྱེད་པར་དགོས་སོ༎
 གལ་ཏེ་ཁྱོད་ཀྱི་སྤུན་ཁྱོད་ཀྱི་མའི་བུའམ། ཁྱོད་ཀྱི་བུའམ་བུ་མོའམ་ཁྱོད་ཀྱི་པང་ལ་ཉལ་བའི་བཟའ་ཟླའམ། ཁྱོད་རང་གི་སེམས་དང་འདྲ་བའི་གྲོགས་པོས་ཁྱོད་གསང་སྟེ་ལོག་པར་འདྲེན་དུ་ངེད་གཞན་ལྷ་རྣམས་ལ་རིམ་གྲོ་བྱེད་དུ་འགྲོ་བར་བྱ་ཅེས་སྐུལ་ཞིང་ཁྱོད་དང་ཁྱོད་ཀྱི་ཕ་མེས་རྣམས་ཀྱིས་མི་ཤེས་པའི་གཞན་ལྷ་རྣམས་ཤེ་ན།  ཁྱོད་ཀྱི་མཐའ་འཁོར་ལ་ཡོད་པའི་ཕྱི་པའི་བརྒྱུད་ས་གཞིའི་ཕྱོགས་གཅིག་ནས་ཕྱོགས་གཞན་གྱི་བར་དུ་ཐག་ཉེ་བའམ་ཐག་རིང་བ་ཡོད་པ་རྣམས་ཀྱི་ལྷ་རྣམས་ལ་ལྟ་ན།  དེ་དང་ཁ་མ་འཆམ། དེ་ལ་ཉན་པར་མི་དགོས། ཁྱོད་ཀྱི་མིག་གིས་དེ་ལ་སྙིང་རྗེ་བར་མ་བྱེད། དེ་ལ་ཕངས་པའང་མ་ཚོར། དེ་སྦ་བར་ཡང་མི་རུང་།  ཅིས་ཀྱང་མེད་པར་བྱེད་ཅིང་གསོད་པར་བྱེད་དུ་སྔར་ཁྱོད་ཀྱིས་དེ་ལ་ལག་པ་བརྒྱབས་ནས། དེའི་རྗེས་སུ་མི་སྡེ་ཐམས་ཅད་ལག་པས་རྡུང་བར་དགོས། ༡༠ མི་དེ་འཆི་བའི་ཕྱིར་རྡོ་རུབ་ལ་གཏོང་ཞིང་སོད་ཅིག ཅི་ལ་ཞེ་ན། དེས་ནི་ཁྱོད་མི་སེར་ཡུལ་བྲན་ཁོལ་གྱི་ཁང་པའི་ཕྱི་རོལ་དུ་ཁྲིད་པའི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལས་ཁྱོད་འཕྲལ་བར་བསམས་པའི་ཕྱིར་རོ། ༡༡ ཡང་ཨིས་ར་ཨེལ་ཐམས་ཅད་ཀྱིས་དེ་ཐོས་ནས་འཇིགས་པ་དང་། ཁྱོད་ཀྱི་དཀྱིལ་དུ་སླར་དེ་འདྲའི་ལས་ངན་ཞིག་བྱེད་པར་མི་འགྱུར་རོ༎
༡༢ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་གནས་པའི་ཕྱིར་གནང་བའི་གྲོང་ཁྱེར་དེ་རྣམས་ནས་གཅིག་གི་སྐོར་དུ། ༡༣ ཁྱོད་ཀྱི་དཀྱིལ་ནས་མི་ཐ་ཤལ་རྣམས་ཐོན་ནས། གྲོང་ཁྱེར་པ་རྣམས་ལ་ཁྱེད་ཀྱིས་མི་ཤེས་པའི་གཞན་ལྷ་རྣམས་ལ་རིམ་གྲོ་བྱའོ་ཟེར་ཞིང་མི་རྣམས་ལོག་པར་འདྲེན་པ་ཡིན་ན། ཞེས་ཟེར་བའི་གཏམ་ཐོས་ཡོང་ན། ༡༤ ཁྱོད་ཀྱིས་སར་གཅོད་ཅིང་ཞིབ་དཔྱོད་བྱེད་དགོས། ཡང་ལྟོས་ཤིག མི་གཙང་བ་དེ་ལྟ་བུ་ཞིག་གལ་ཏེ་ཁྱེད་ཀྱི་དཀྱིལ་ན་བྱུང་བ་བདེན་ན། ༡༥ ཁྱོད་ཀྱིས་གྲོང་ཁྱེར་དེའི་མི་ཚོ་རལ་གྲིའི་ཁས་ཅིས་ཀྱང་རྡུང་ཞིང་། ཁྱོན་ནས་མེད་པར་བྱེད་དེ། དེ་ན་ཡོད་པ་ཐམས་ཅད་དང་། ཕྱུགས་ཀྱང་རལ་གྲིའི་ཁས་རྡུང་བར་དགོས། ༡༦ དེའི་བཅོམ་ནོར་ཐམས་ཅད་ལམ་སྲང་གི་དཀྱིལ་དུ་བསྡུས་ནས། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་གྲོང་ཁྱེར་དང་བཅོམ་ནོར་ཚང་མ་ཡོངས་སུ་མེས་སྲེག་པར་དགོས། ཡང་དུས་རྒྱུན་དུ་ས་ཕུང་དུ་ལུས་པར་དགོས། སླར་ནམ་ཡང་རྩིག་པར་མི་བྱའོ། ༡༧ ཡང་ཡ་ཧོ་ཝཱའི་ཐུགས་ཁྲོ་བ་ཞི་ནས་དེ་ཁྱོད་ལ་ཐུགས་རྗེས་གཟིགས་ཤིང་བརྩེ་བར་དགོངས་པ་དང་། ཁྱོད་ཀྱི་ཕ་མེས་རྣམས་ལ་དབུ་མནའ་བཞེས་པ་བཞིན་དུ་ཁྱོད་འཕེལ་བར་མཛད་པའི་ཕྱིར་དམོད་པར་བྱས་པའི་རྫས་གང་ཡང་ཁྱོད་ཀྱི་ལག་པ་ལ་འབྱར་བར་མི་རུང་ངོ་། ༡༨ ཁྱོད་ཀྱིས་གལ་ཏེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་ལ་ཉན་ཏེ་ཁོང་གི་བཀའ་ངས་དེ་རིང་ཁྱོད་ལ་སྒོ་བ་དག་སྲུང་སྟེ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་སྤྱན་སྔར་ཅི་རིགས་པ་ཡིན་པ་བཞིན་དུ་བྱེད་ན། ཁོང་གིས་དེ་བཞིན་དུ་མཛད་པར་འགྱུར་རོ༎