༡༢
ཡ་ཧོ་ཝཱ་ཁྱོད་ཀྱི་ཕ་མེས་རྣམས་ཀྱི་དཀོན་མཆོག་གིས་ཁྱོད་ཀྱིས་བདག་ཏུ་འཛིན་པའི་ཕྱིར་གནང་བའི་ཡུལ་ན་ཁྱེད་ས་གཞི་རུ་གསོན་རིང་ཞག་རེ་བཞིན་སྲུང་ཞིང་སྒྲུབ་པར་དགོས་པའི་སྤྱད་མཚམས་དང་བཀའ་ཁྲིམས་རྣམས་འདི་ལྟ་སྟེ།  ཕྱིའི་མི་བརྒྱུད་ཁྱོད་ཚོའི་དབང་དུ་འོང་བ་རྣམས་ཀྱི་གནས་ཐམས་ཅད་ཁྱོན་ནས་མེད་པར་བྱོས་ཤིག གནས་གང་ཞེ་ན། དེ་དག་གི་ལྷ་རྣམས་ལ་ཕྱག་འབུལ་བའི་རི་མཐོན་པོ་དང་རི་ཕྲན་དང་ཤིང་སྔོན་པོ་གང་ཡོད་ཀྱི་གནས་རྣམས་སོ།  ཡང་དེ་དག་གི་མཆོད་ཁྲི་རྣམས་བཤིག རྟེན་རྣམས་ཆོག ལྷ་ཤིང་རྣམས་མེས་སྲེགས། ལྷའི་སྐུ་འདྲ་རྣམས་གཅོད་ཅིང་དེ་དག་གི་མིང་རྣམས་གནས་དེ་ལས་མེད་པར་བྱེད་པར་དགོས་སོ།  དེ་དང་འདྲ་བར་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་མ་བྱེད།  འོན་ཀྱང་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་རང་ཉིད་ཀྱི་མཚན་འཇོག་པ་དང་བཞུགས་ས་མཛད་པའི་ཕྱིར་གང་གི་གནས་ཁྱེད་ཀྱི་སྡེ་ཐམས་ཅད་ཀྱི་ཁྲོད་ལས་འདམས་པར་འགྱུར་བ་དེ་ཁྱེད་ཀྱིས་སྲུང་སྟེ་དེ་རུ་འོང་བའི་རིགས་སོ།  དེ་རུ་ཁྱེད་ཀྱི་སྦྱིན་སྲེག་དང་དམར་མཆོད་དང་བཅུ་ཁག་དང་ཁྱེད་ཀྱི་ལག་པའི་འབུལ་བ་དང་། དམ་བཅས་པའམ་རང་དགར་བྱེད་པའི་མཆོད་པ་དང་ལུག་ཕྱུགས་ཀྱི་ཕུད་འཁྱེར་འོང་བར་བྱོས།  ཡང་དེར་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་སྤྱན་སྔར་ཁ་ཟས་ཟ་ཞིང་རྫས་གང་ལ་ཡང་ཁྱེད་རང་དང་། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་བྱིན་རླབས་ཀྱིས་ཁྱེད་ལ་གནང་བའི་ནང་ཚང་གི་ལག་པས་འབད་པ་ལ་དགའ་བར་བྱོས།  ང་རྣམས་ལས་རེ་རེས་ཇི་རིགས་པ་སེམས་པ་བཞིན་དུ་དེ་རིང་བྱེད་པ་དང་འདྲ་བར་ཁྱེད་ཀྱིས་བྱེད་དུ་མི་རུང་ངོ་།  གང་ལ་ཞེ་ན། ད་ཡང་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་གནང་རྒྱུ་ཡོད་པའི་ངལ་གསོ་བ་དང་ནོར་སྐལ་དུ་ད་རུང་མ་ཕྱིན་པའི་ཕྱིར་རོ། ༡༠ འོན་ཀྱང་ཁྱོད་ཚོ་ཡོར་དན་གྱི་ཕ་རོལ་དུ་སོང་ནས་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་ནོར་སྐལ་དུ་གནང་བའི་ཡུལ་ན་གནས་ཏེ། ཁོང་གིས་ཁྱེད་ཀྱི་མཐའ་འཁོར་ལ་ཡོད་པའི་དགྲ་བྱེད་པ་རྣམས་ལས་ཐར་བར་མཛད་ནས། ཞི་བདེ་བར་འདུག་འཇུག་པར་འགྱུར་བའི་ཚེ། ༡༡ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་རང་གི་མཚན་གནས་འཇུག་པའི་ཕྱིར་བསྐོ་བའི་གནས་དེར་ངས་ཁྱེད་ལ་སྟོན་པ་ཐམས་ཅད་ཁྱེར་འོང་ཞིག དེ་ཅི་ཡིན་ཞེ་ན། ཁྱེད་ཀྱི་སྦྱིན་སྲེག་དང་དམར་མཆོད་དང་བཅུ་ཁག་དང་ཁྱེད་ཀྱི་ལག་པས་འབུལ་བ་དང་། ཁྱེད་ཀྱིས་ཡ་ཧོ་ཝཱ་ལ་འབུལ་དུ་དམ་བཅས་པའི་མཆོད་པ་འདམས་པ་ཐམས་ཅད་དོ། ༡༢ ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་སྤྱན་སྔར་ཁྱེད་རང་དང་བུ་དང་བུ་མོ་དང་གཡོག་པོ་དང་གཡོག་མོ་རྣམས་དང་ཁྱེད་ཀྱི་སྒོ་ཁང་ལ་ཡོད་པའི་ལེ་ཝི་པ་ལ་ཁྱོད་དང་ལྷན་གཅིག་ཏུ་བགོ་སྐལ་དང་ནོར་སྐལ་མ་ཐོབ་པས་དེ་ཡང་དགའ་བར་འགྱུར་བའི་རིགས་སོ། ༡༣ ཁྱོད་ཀྱིས་གནས་མཐོང་ཚད་ལ་ཡང་སྦྱིན་སྲེག་རྣམས་འབུལ་བ་ལས་སྲུངས་ཤིག ༡༤ ཁྱོད་ཀྱི་སྡེ་རྣམས་ལས་ཡ་ཧོ་ཝཱས་བསྐོ་བར་མཛད་པའི་གནས་གཅིག་པུ་དེ་རུ་ཁྱོད་ཀྱི་སྦྱིན་སྲེག་འབུལ་བ་དང་ངས་ཁྱོད་སྐུལ་བ་ཐམས་ཅད་བཞིན་དུ་དེར་བྱེད་པར་དགོས་སོ༎
༡༥ འོན་ཀྱང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་བྱིན་རླབས་བཞིན་དུ་ཁྱོད་ཀྱི་སྒོ་ཁང་ཐམས་ཅད་ལ་ཁྱོད་ཀྱི་སེམས་ལ་དགའ་བའི་ཤ་བསད་ནས་ཟ་བར་རུང་། གཙང་བ་ཡོད་པ་དང་གཙང་བ་མེད་པའི་མིས་གནའ་བ་དང་ཤ་བ་ཟ་བར་རུང་ཡང་། ༡༦ ཁྲག་འབའ་ཞིག་མ་ཟ་སྟེ་ཆུ་ལྟར་ས་རུ་བླུག་པར་དགོས། ༡༧ ཁྱོད་ཀྱི་འབྲུ་དང་རྒུན་ཆང་དང་འབྲུ་མར་གྱི་བཅུ་ཁག་དང་། ལུག་ཕྱུགས་ཀྱི་སྔོན་སྐྱེས་དང་། འབུལ་བའི་ཕྱིར་དམ་བཅས་པའམ། རང་དགར་བྱས་པའི་མཆོད་པ་དང་། ཁྱོད་ཀྱི་ལག་པས་འདུལ་བ་རྣམས་ཁྱོད་ཀྱི་སྒོ་ཁང་རྣམས་སུ་ཟ་བར་མི་རུང་གི། ༡༨ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་བསྐོ་བར་མཛད་པའི་གནས་སུ་ཁྱོད་རང་བུ་དང་བུ་མོ་དང་གཡོག་པོ་དང་གཡོག་མོ་དང་ཁྱོད་ཀྱི་སྒོ་ཁང་ལ་ཡོད་པའི་ལེ་ཝི་པས་ཁྱོད་ཀྱི་དཀོན་མཆོག་གི་སྤྱན་སྔར་ཟ་ཞིང་། རྫས་གང་ཡང་ཁྱོད་ཀྱི་ལག་པས་འབད་པ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་སྤྱན་སྔར་དགའ་བར་བྱོས་ཤིག ༡༩ ཁྱོད་རང་ཡུལ་ན་གསོན་རིང་ལེ་ཝི་པ་རྣམས་མི་སྤོང་བའི་ཕྱིར་བྱ་ར་གྱིས་ཤིག
༢༠ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གསུངས་པ་བཞིན་དུ་ཁྱོད་ཀྱི་ས་མཚམས་རྣམས་སྐྱེད་པར་མཛད་པའི་ཚེ། ཁྱོད་ཀྱི་སེམས་ནང་ཤ་ཟ་བར་འདོད་ཅིང་ངས་ཤ་ཟ་བར་འདོད་ཟེར་ན། ཁྱོད་ཀྱི་སེམས་ཀྱི་འདོད་པ་ལྟར་ཤ་ཟ་བར་རུང་ངོ་། ༢༡ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཉིད་ཀྱི་མཚན་འཇོག་ཏུ་འདམས་པའི་གནས་ཁྱོད་དང་ཐག་རིང་ཡོད་ན། ངས་ཁྱོད་ལ་བསྟན་པ་བཞིན་དུ་ཡ་ཧོ་ཝཱས་ཁྱོད་ལ་གནང་བའི་ལུག་ཕྱུགས་ལས་སོད་ལ་སྒོ་ཁང་རྣམས་ལ་ཁྱོད་ཀྱིས་སེམས་ལ་དགའ་བ་ཟོས་ཤིག ༢༢ གནའ་བ་དང་ཤ་བ་ཟ་བ་དང་འདྲ་བར་ཟ་བར་རུང་། གཙང་བ་མེད་པའི་མི་དང་གཙང་བ་ཡོད་པས་ཁྱད་མེད་པར་ཟ་བའི་རིགས་སོ། ༢༣ འོན་ཀྱང་ཁྲག་མི་ཟ་བ་ལ་ཞིབ་པར་ཟོན་བྱོས་ཤིག ཅི་ལ་ཞེ་ན། ཁྲག་ནི་སྲོག་ཡིན་པས་ཤ་དང་ལྷན་གཅིག་ཏུ་སྲོག་ཟ་བར་མི་རུང་བའི་ཕྱིར་རོ། ༢༤ དེ་ནི་མ་ཟ། ཆུ་ལྟར་ས་རུ་བླུག་པར་དགོས། ༢༥ དེ་ཟ་བར་མི་རུང་། ཁྱོད་ཀྱིས་ཡ་ཧོ་ཝཱའི་ཞལ་ངོར་ཅི་རིགས་པ་ཡིན་པ་སྒྲུབ་པར་འགྱུར་ན། ཁྱོད་རང་དང་ཁྱོད་ཀྱི་རྗེས་སུ་འོང་བའི་ཕྲུ་གུ་རྣམས་ལ་བདེ་བར་འགྱུར་བར་འགྱུར་རོ། ༢༦ ཁྱོད་ཀྱིས་དམ་པར་བྱས་པའི་འབུལ་བ་དང་དམ་བཅས་པའི་འབུལ་བ་རྣམས་འབའ་ཞིག་ཁྱེར་འོང་ལ། ཡ་ཧོ་ཝཱས་འདམ་པར་བྱ་བའི་གནས་སུ་ཤོག་དང་། ༢༧ སྦྱིན་སྲེག་རྣམས་ཞེ་ན། ཤ་དང་ཁྲག་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་མཆོད་ཁྲིའི་ཁར་ཕུལ་ནས། ཁྱོད་ཀྱི་དམར་མཆོད་རྣམས་ཀྱི་ཁྲག་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་མཆོད་ཁྲིའི་ཁར་བླུག་པར་དགོས། ཤ་ཁྱོད་ཀྱིས་ཟ་བར་རུང་ངོ་། ༢༨ ངས་ཁྱོད་ལ་སྟོན་པའི་བཀའ་དེ་ཐམས་ཅད་ལ་ཉོན་ལ། དེ་བཞིན་དུ་སྒྲུབ་ཅིག གལ་ཏེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་ཅི་བཟང་བ་དང་རིགས་པ་ཡིན་པ་བཞིན་དུ་སྲུང་ན། ཁྱོད་རང་དང་རྗེས་སུ་འོང་བའི་བུ་བརྒྱུད་ལ་རྟག་ཏུ་བདེ་བར་འགྱུར་རོ༎
༢༩ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱིས་བདག་ཏུ་འཛིན་འོང་བའི་མི་བརྒྱུད་དེ་དག་ཁྱོད་ཀྱི་མདུན་ནས་མེད་པར་མཛད་ནས། ཁྱོད་དེ་དག་གི་ཚབ་ཏུ་དེ་དག་གི་ཡུལ་ན་གནས་པར་འགྱུར་བའི་དུས་སུ། ༣༠ དེ་དག་ཁྱོད་ཀྱི་མདུན་ནས་མེད་པར་གྱུར་ནས། མི་བརྒྱུད་དེ་ཚོས་རང་གི་ལྷ་རྣམས་ལ་རིམ་གྲོ་ཇི་ལྟར་བྱེད་ཅེས་འདྲི་ཞིང་དེ་དག་གི་ཕྱི་བཞིན་འབྲང་བའི་རྙི་ནང་མི་ཚུད་པའི་ཕྱིར་གཅང་བྱོས་ཤིག ༣༡ ཁྱོད་ཀྱིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་དེ་བཞིན་དུ་བྱེད་པར་མི་རུང་ངོ་། ཅི་ལ་ཞེ་ན། ཡ་ཧོ་ཝཱའི་ཞལ་ངོར་མི་གཙང་བ་གང་ཡོད་པ་ཁོང་གིས་སྡང་བའི་བྱ་བ་རྣམས་དེ་དག་རང་གི་ལྷ་རྣམས་ལ་ཕུལ་ཏེ། དེ་དག་རང་གི་བུ་དང་བུ་མོ་རྣམས་ཀྱང་རང་གི་ལྷ་རྣམས་ཀྱི་ཕྱིར་མེས་སྲེག་པར་བྱེད་དོ། ༣༢ ངས་ཁྱེད་ལ་ཅི་དང་ཅི་སྲུང་བའི་ཕྱིར་བསྒོ་ཞིང་སྟོན་པའི་བཀའ་ཐམས་ཅད་ནང་མ་སྣོན། དེ་དག་ལས་འཕྲི་བར་ཡང་མ་བྱེད་ཅིག།