༡༡
དེ་བས་ན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་གཅེས་པར་བཟུང་ལ། དུས་རྒྱུན་དུ་ཁོང་གི་བསྲུང་བྱའི་སྤྱད་མཚམས་དང་བཀའ་དང་ཁྲིམས་རྣམས་སྲུངས་ཤིག  ཁྱོད་རྣམས་ཀྱིས་དེ་རིང་གི་ཉིན་པར་འདི་རྟོགས་པར་གྱིས་ཤིག ངས་ཁྱོད་རྣམས་ཀྱི་ཕྲུ་གུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་གདམས་རྣམས་མ་རྟོགས་ཤིང་མ་མཐོང་བ་རྣམས་ལ་གཏམ་མི་སྨྲའོ། ཞལ་གདམས་གང་ཞེ་ན། ཁོང་གི་དབང་དང་ཕྱག་མཐུ་ལྡན་བརྐྱངས་པ་དང་།  ཁོང་གི་ལྟས་དང་ཕྲིན་ལས་མི་སེར་ཡུལ་གྱི་དཀྱིལ་དུ་མི་སེར་ཡུལ་གྱི་རྒྱལ་པོ་ཕར་ཨོ་དང་དེའི་ཡུལ་ཐམས་ཅད་ལ་མཛད་པ་དང་།  མི་སེར་ཡུལ་གྱི་དམག་ཚོགས་དང་རྟ་དང་ཤིང་རྟ་རྣམས་དང་ཁྱེད་ཀྱི་རྗེས་སུ་དེད་སྐབས་སུ་དེ་དག་གི་སྟེང་དུ་རྒྱ་མཚོ་དམར་པོའི་ཆུ་འདྲེན་པར་མཛད་པས། ཡ་ཧོ་ཝཱས་དེ་དག་དེ་རིང་གི་ཉིན་མོའི་བར་དུ་མེད་པར་མཛད་པ་དང་།  ཁྱེད་གནས་འདིར་མ་ཕྱིན་པའི་བར་དུ་འབྲོག་སྟོང་ན་ཁྱེད་ལ་ཅི་དང་ཅི་མཛད་པ་དང་།  རུ་བེན་གྱི་བུ་ཨེ་ལི་ཨབ་དང་དེའི་བུ་དཱ་ཐན་དང་ཨ་ཧི་རམ་གཉིས་ཀྱི་ཕྱོགས་སུ་སས་ནི་རང་གི་ཁ་ཕྱེས་ནས་དེ་དག་ནང་ཚང་དང་གུར་རྣམས་ཨིས་ར་ཨེལ་ཐམས་ཅད་ཀྱི་ཁྲོད་ལས་དེ་དག་གི་ཕྱོགས་བྱེད་པ་ཐམས་ཅད་མིད་དུ་བཅུག་པར་མཛད་དོ།  འོན་ཀྱང་ཁྱོད་ཀྱི་མིག་གིས་ཡ་ཧོ་ཝཱས་མཛད་པའི་ཕྲིན་ལས་ཆེ་བ་ཐམས་ཅད་མཐོང་བ་ཡིན།
 དེ་བས་ན་ངས་ཁྱོད་ལ་དེ་རིང་སྐུལ་བའི་བཀའ་ཐམས་ཅད་སྲུང་ཞིག ཁྱོད་ཀྱིས་དེ་བཞིན་དུ་བྱེད་ན། ཁྱོད་སྟོབས་དང་ལྡན་པར་འགྱུར་ཏེ་གང་གི་ཡུལ་བདག་ཏུ་འཛིན་པའི་ཕྱིར་འགྲོ་ནུས་སུ་ཡོད་པ་དེ་བདག་ཏུ་འཛིན་དུ་འཇུག་པར་འགྱུར་ཞིང་།  ཡ་ཧོ་ཝཱས་ཁྱོད་ཀྱི་མེས་པོ་རྣམས་ལ། ངས་འོ་མ་དང་སྦྲང་རྩིས་གང་བའི་ཡུལ་དེ་ཁྱེད་བུ་བརྒྱུད་དང་བཅས་པ་ལ་གཏང་ངོ་ཞེས་དབུ་མནའ་བཞེས་པའི་ཡུལ་ན་ཁྱེད་ཚེ་རིང་བར་འགྱུར་རོ། ༡༠ དེའང་ཁྱེད་ཀྱིས་བདག་ཏུ་འཛིན་དུ་འགྲོ་བའི་ཡུལ་དེ་ནི་ཁྱོད་ཐོན་འོངས་པའི་མི་སེར་ཡུལ་དེ་དང་མི་འདྲ་སྟེ། དེ་རུ་ཁྱོད་ཀྱིས་ས་བོན་བཏབ་ནས་སྔོ་ཚོད་ཀྱི་ཚལ་ལྟ་བུ་ལ་ཁྱོད་ཀྱི་རྐང་པ་དང་ཆུ་བཏང་བ་ཡིན་ཀྱང་། ༡༡ ཁྱོད་ཀྱིས་བདག་ཏུ་འཛིན་པར་འགྲོ་བའི་ཡུལ་ནི་རི་དང་ལུང་པའི་ཡུལ་ཡིན་ཏེ། ནམ་མཁའ་ལས་འབབ་པའི་ཆར་ཆུ་འཐུང་ཞིང་། ༡༢ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཡུལ་དེ་སྐྱོང་ཞིང་ལོའི་མགོ་མཇུག་གཉིས་ཀྱི་བར་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་སྤྱན་གྱིས་དེ་ལ་གཟིགས་སོ༎
༡༣ ཡང་གལ་ཏེ་ངས་དེ་རིང་ཁྱོད་རྣམས་སྐུལ་བའི་བཀའ་རྣམས་ཞིབ་པར་ཉན་ཞིང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་གཅེས་པར་འཛིན་ཏེ། ཁྱེད་ཀྱི་སྙིང་ཚང་མ་དང་སེམས་ཚང་མ་ནས་བསྙེན་བཀུར་བྱེད་ན། ༡༤ ངས་དུས་ཀྱི་ཁར་ཁྱེད་ཀྱི་ཡུལ་ལ་ཆར་པ་སྔ་ཕྱི་གཉིས་པོ་འབེབས་པར་བྱ་ཞིང་། ཁྱོད་ཀྱིས་རང་གི་ཕྱིར་འབྲུ་དང་རྒུན་འབྲུམ་དང་འབྲུ་མར་བསྡུ་བར་འགྱུར་རོ། ༡༥ ཡང་ངས་ཁྱོད་ཀྱི་ཐང་ལ་ཁྱོད་ཀྱི་ཕྱུགས་ཀྱི་ཕྱིར་རྩྭ་གཏང་བས་ཁྱོད་ཟ་ཞིང་འགྲང་བར་འགྱུར་རོ། ༡༦ ཁྱོད་ཀྱི་སྙིང་སླུ་བར་འགྱུར་ཏེ་ཟློག་ཅིང་གཞན་ལྷ་རྣམས་ལ་རིམ་གྲོ་བྱེད་པ་དང་དེ་དག་ལ་ཕྱག་འབུལ་བ་ལས་སྲུང་ཞིག ༡༧ ཇི་སྟེ་མི་སྲུང་ན། ཡ་ཧོ་ཝཱའི་ཐུགས་ཁྲོ་བ་ཁྱེད་ཀྱི་ཕྱིར་འབར་ཞིང་ཁོང་གིས་གནམ་སྒོ་གཅོད་ཅིང་ཆར་ཆུ་མི་འབབ་པ་དང་། ཞིང་གིས་ལོ་ཐོག་སྐྱེ་བར་མི་བྱེད་དེ། ཡ་ཧོ་ཝཱས་ཁྱེད་ལ་གནང་བའི་ཡུལ་བཟང་བ་དེ་ལས་ཁྱེད་མྱུར་དུ་ནུབ་པར་འགྱུར་རོ༎
༡༨ དེའི་ཕྱིར་ངའི་གཏམ་དེ་ཚོ་ཁྱེད་ཀྱི་སྙིང་དང་སེམས་ལ་ཆོངས་ཤིག་དང་། ལག་པ་ལ་རྟགས་སུ་ཐོག་ཅིག མིག་གི་བར་ན་སྲུང་བ་ལྟར་འདོགས་པ་དང་། ༡༩ ཁྱོད་ཁང་པར་སྡོད་པ་དང་ལམ་ལ་འགྲུལ་བ་དང་། ཉལ་བ་དང་ལང་བའི་ཚེ་དེ་དག་གི་གཏམ་བྱེད་ཅིང་ཁྱེད་ཀྱི་བུ་ཚོ་ལ་བཤད་པ་དང་། ༢༠ ཁང་པའི་ཡ་ཐེམ་དང་རྒྱ་སྒོ་རྣམས་ཀྱི་སྟེང་དུ་འབྲི་བའི་རིགས་སོ། ༢༡ དེ་ནས་ཡ་ཧོ་ཝཱས་ཁྱེད་ཀྱི་ཕ་མེས་རྣམས་ལ། ངས་ཡུལ་དེ་ཁྱེད་ལ་གནང་བར་བྱ་ཞེས་དབུ་མནའ་བཞེས་ནས། ཡུལ་དེའི་སྟེང་དུ་ནམ་མཁའ་ཡོད་པའི་ཞག་གི་བར་དུ་ཁྱེད་དང་ཁྱེད་ཀྱི་བུ་རྣམས་ཀྱི་ཚེའི་གྲངས་འཕེལ་བར་འགྱུར་རོ། ༢༢ ཅི་ལ་ཞེ་ན། ཁྱོད་རྣམས་ཀྱིས་ངས་ཁྱོད་ལ་དེ་བཞིན་དུ་བྱོས་ཤིག་ཅེས་སྐུལ་བའི་བཀའ་རྣམས་ཞིབ་པར་སྲུང་སྟེ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་གཅེས་པར་འཛིན་ཞིང་ཁོང་གི་གཤེགས་ལམ་ཀུན་ནང་འགྲུལ་ཏེ་ཁོང་ལ་རྟེན་ན། ༢༣ ཡ་ཧོ་ཝཱས་མི་བརྒྱུད་དེ་ཐམས་ཅད་ཁྱོད་ཀྱི་མདུན་ནས་སྐྲོད་འོང་། ཁྱེད་རང་ལས་མི་བརྒྱུད་ཆེ་བ་དང་དྲག་པོ་རྣམས་ལ་དབང་བྱེད་པར་འགྱུར་རོ། ༢༤ ཁྱེད་ཀྱི་རྐང་མཐིལ་གྱིས་ནོན་པའི་གནས་གང་ཡང་ཁྱེད་ཀྱི་ཡིན་པར་འགྱུར་བ་དང་། འབྲོག་སྟོང་དང་རི་ལི་བ་ནོན་དང་ཡུབ་རཱད་གཙང་པོ་ནས་ཕྱི་རོལ་གྱི་རྒྱ་མཚོའི་བར་དུ་ཁྱེད་ཀྱི་ས་མཚམས་ཡིན་པར་འགྱུར་རོ། ༢༥ ཁྱེད་སུས་ཀྱང་མི་ཐུབ་སྟེ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་གསུངས་པ་བཞིན་དུ་གང་གི་ཡུལ་ཁྱེད་ཀྱི་རྐང་པས་རྫི་བ་དེ་ཁྱེད་ཀྱིས་འཇིགས་སྐྲག་ཏུ་འཇུག་པར་མཛད་པར་འགྱུར་རོ༎
༢༦ ཀྱེ་ཧོ་ངས་དེ་རིང་ཁྱེད་ཀྱི་མདུན་དུ་བྱིན་རླབས་དང་དམོད་པ་གཉིས་འཇོག་གོ། ༢༧ གལ་ཏེ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་བཀའ་དེ་རིང་ངས་ཁྱེད་ལ་སྒོ་བ་རྣམས་ལ་ཉན་ན། བྱིན་རླབས་ཐོབ་པར་འགྱུར། ༢༨ གལ་ཏེ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་བཀའ་རྣམས་ལ་མ་ཉན་པར། དེ་རིང་ངས་ཁྱེད་ལ་འགྲུལ་བར་བྱོས་ཟེར་བའི་ལམ་དེ་སྤངས་ཏེ། ཁྱེད་ཀྱིས་ངོ་མི་ཤེས་པའི་གཞན་ལྷ་རྣམས་ཀྱི་རྗེས་སུ་འབྲང་ན། དམོད་པ་འཕོག་པར་འགྱུར་རོ། ༢༩ ཡང་ཁྱོད་ཀྱིས་བདག་ཏུ་འཛིན་པར་འགྲོ་བའི་ཡུལ་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་འཁྲིད་པའི་ཚེ་རི་གེ་རི་ཟིམ་ལ་བྱིན་རླབས་དང་། རི་ཨེ་བལ་ལ་དམོད་པའི་ཚིག་སྨྲ་བར་དགོས་སོ། ༣༠ རི་དེ་གཉིས་ཡོར་དན་གྱི་ཕ་རོལ་ཏུ་ཉི་མ་ནུབ་པའི་ཕྱོགས་སུ་མོ་རིའི་བེ་ཤིང་གི་མདུན་དུ་ཡོད་པའི་གིལ་གལ་གྱི་ཐད་དུ་ཐང་ན་གནས་པའི་ཀ་ན་ཨན་པའི་ཡུལ་ན་མ་ཡིན་ནམ། ༣༡ གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་གནང་བའི་ཡུལ་བདག་ཏུ་འཛིན་པའི་ཕྱིར་ཡོར་དན་གྱི་ཕ་རོལ་ཏུ་དེར་འཇུག་པ་དང་། བདག་ཏུ་བཟུང་ནས་དེར་གནས་པར་འགྱུར་བའི་ཕྱིར་རོ། ༣༢ ད་དེ་རིང་ངས་ཁྱེད་ལ་སྟོན་པའི་སྤྱད་མཚམས་དང་བཀའ་ཁྲིམས་ཐམས་ཅད་སྲུང་བ་ལ་གཅང་བྱོས་ཤིག།