༡༠
དེའི་ཚེ་ཡ་ཧོ་ཝཱས་ང་ལ། སྔ་མ་བཞིན་དུ་རྡོ་ལེབ་གཉིས་ཁྱོད་ཀྱི་ཕྱིར་བཟོས་ལ། ངའི་དྲུང་དུ་རི་ལ་འཛེགས་ཏེ། ཤིང་གི་སྒྲོམ་ཞིག་ཡང་བཟོས་ཤིག ༢ དེ་ནས་ངས་སྔར་གྱི་རྡོ་ལེབ་ཁྱོད་ཀྱིས་བཅག་པ་རྣམས་ཀྱི་ཁར་བྲིས་པ་བཞིན་དུ་རྡོ་ལེབ་དེ་རྣམས་ཀྱི་སྟེང་དུ་བཀའ་རྣམས་བྲིས་ནས་ཁྱོད་ཀྱིས་དེ་དག་སྒྲོམ་གྱི་ནང་དུ་འཇོག་པར་དགོས་ཤེས་བཀའ་གནང་ངོ་། ༣ ཡང་ངས་ཤིད་ཏིམ་ཤིང་གི་སྒྲོམ་བཟོས་པ་དང་། སྔ་མ་བཞིན་དུ་རྡོ་ལེབ་གཉིས་ཀྱང་བཟོས་རྡོ་ལེབ་དེ་གཉིས་ལག་གིས་ཁྱེར་ཞིང་རི་ལ་འཛེགས་སོ། ༤ ཡང་ཁོང་གིས་སྔར་བྲིས་པ་དང་འདྲ་བར་འདུན་མའི་ཉིན་ལ་རི་ལ་མེས་གཞུང་ལས་ཡ་ཧོ་ཝཱས་ཁྱོད་ཅག་ལ་གནང་བའི་བཀའ་བཅུ་རྡོ་ལེབ་རྣམས་ཀྱི་ཁར་འབྲི་བར་མཛད་ནས་ཡ་ཧོ་ཝཱས་དེ་དག་ང་ལ་གནང་ངོ་། ༥ ཡང་ང་ལོག་ཅིང་རི་ལས་བབས་ནས་རྡོ་ལེབ་རྣམས་ངས་བྱས་པའི་སྒྲོམ་གྱི་ནང་དུ་བཞག་སྟེ། ཡ་ཧོ་ཝཱས་ང་ལ་བཀའ་སྩལ་པ་བཞིན་དུ་དེ་རུ་བཞག་ཡོད།༦ དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་བེ་རོད་བེ་ནེ་ཨ་ཁན་༼བོད་སྐད་དུ་ཨ་ཁན་གྱི་བུ་རྣམས་ཀྱི་ཁྲོན་པ་༽ཞེས་བྱ་བའི་གནས་ནས་མོ་སེ་རཱ་བར་དུ་ཞུགས་སོ། དེ་རུ་ཨ་རོན་གྲོངས་ནས་བསྐུངས་པ་ཡིན། ཡང་དེའི་ཚབ་ཏུ་བུ་ཨེལ་ཨ་ཟར་ལ་བླ་མའི་ལས་ཚན་ཐོབ་བོ། ༧ གནས་དེ་ནས་གུད་གོ་དཱ་རུ་དང་། གུད་གོ་དཱ་ནས་གྲོག་པོ་རྣམས་ཡོད་པའི་ཡུལ་ཡོད་བད་ཐཱ་རུ་སོང་ངོ་། ༨ དུས་དེ་ཉིད་དུ་ཡ་ཧོ་ཝཱས་ལེ་ཝི་ཡི་སྡེ་ནི་དེ་རིང་གི་བར་དུ་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་འཁུར་བ་དང་། ཡ་ཧོ་ཝཱའི་སྤྱན་སྔར་འགྲེང་ཞིང་ཁོང་ལ་ཞབས་ཏོག་བྱེད་པ་དང་། ཁོང་གི་མཚན་ནས་རྗོད་དེ་བྱིན་རླབས་བྱེད་དུ་བསྐོས་སོ། ༩ དེའི་ཕྱིར་ལེ་ཝི་ལ་སྤུན་རྣམས་དང་ལྷག་ཅིག་ཏུ་བགོ་སྐལ་དང་ནོར་སྐལ་མ་ཐོབ་སྟེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དེ་ལ་ཞལ་གྱིས་བཞེས་པ་བཞིན་དུ་ཡ་ཧོ་ཝཱ་ནི་དེའི་ནོར་སྐལ་ལགས་སོ༎
༡༠ ཡང་སྔ་མ་བཞིན་དུ་ང་ཉིན་མཚན་བཞི་བཅུའི་བར་དུ་རི་ལ་གནས་པའི་ཚེ་ད་ལན་ཡང་ཡ་ཧོ་ཝཱས་ངའི་ཞུ་བ་ལ་གསན་ཞིང་ཁྱོད་རྣམས་ཚར་མ་བཅད་དོ། ༡༡ ཡང་ཡ་ཧོ་ཝཱས་ང་ལ། ད་ལོངས་ལ་མི་བརྒྱུད་ཀྱི་མགོ་བྱེད་ཅིང་། ལམ་དུ་ཞུགས་དང་། ངས་དེ་དག་གི་ཕ་མེས་རྣམས་ལ་ཡུལ་དེ་གཏང་ངོ་ཞེས་མནའ་བྱས་པ་བཞིན་དུ་དེ་དག་ལ་ཡུལ་དེ་བདག་ཏུ་འཛིན་པར་འགྲོ་བར་དགོས་སོ་ཞེས་བཀའ་གནང་ངོ་༎
༡༢ ད་ཀྱེ་ཨིས་ར་ཨེལ། ཁྱོད་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་འཇིགས་ཏེ་ཁོང་གི་གཤེགས་ལམ་ཐམས་ཅད་ནང་འགྲུལ་ཞིང་། ཁོང་ལ་བྱམས་པ་བྱེད་ཅིང་སྙིང་ཚང་མ་དང་སེམས་ཚང་མ་ནས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གཡོག་བྱེད་པ་དང་། ༡༣ ཡ་ཧོ་ཝཱའི་བཀའ་དང་སྤྱད་མཚམས་ངས་དེ་རིང་ཁྱོད་ལ་སྐུལ་བ་རྣམས་ཁྱོད་རང་གི་ཕན་པའི་དོན་དུ་སྲུང་བ་མ་གཏོགས་པར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་གཞན་ཅི་འཚོལ། ༡༤ ཀྱེ་ཧོ་ནམ་མཁའ་དང་ནམ་མཁའི་ནམ་མཁའ་དང་ས་གཞི་དང་དེའི་ནང་ན་ཡོད་པ་ཐམས་ཅད་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཡིན་ནོ། ༡༥ འོན་ཀྱང་ཡ་ཧོ་ཝཱས་ཁྱོད་ཀྱི་མེས་པོ་རྣམས་འབའ་ཞིག་ལ་དགྱེས་ཏེ་དེ་དག་ལ་བརྩེ་ཞིང་དེ་རིང་གི་ཉིན་པར་མཐོང་བ་བཞིན་དུ་དེ་དག་གི་རྗེས་སུ་འོངས་པའི་ས་བོན། ཁྱོད་རྣམས་མི་བརྒྱུད་ཐམས་ཅད་ལས་འདམས་པར་མཛད་དོ། ༡༦ དེ་བས་ན་ཁྱེད་ཀྱི་སྙིང་གི་མདུན་ལྤགས་ཆོད་ལ། ད་རུང་སེམས་གྱོང་པོ་མ་བྱེད་ཅིག ༡༧ ཅི་ལ་ཞེ་ན། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ནི་ལྷ་རྣམས་ཀྱི་དཀོན་མཆོག གཙོ་བོ་རྣམས་ཀྱི་གཙོ་བོ། དཀོན་མཆོག་ཆེན་པོ་མཐུ་ལྡན་འཇིགས་སུ་རུང་བ། ཕྱོགས་རིས་མེད་པ། ༡༨ ལྐོག་ནོར་མི་བཞེས་པ། དྭ་ཕྲུག་དང་མོ་རང་མོ་རྣམས་ཀྱི་གཤགས་མཛད་མཁན། རྒྱལ་ཁམས་པ་ལ་ལྟོ་དང་གོས་སྦྱོར་ཞིང་བརྩེ་བར་མཛད་པ་ལགས་པའི་ཕྱིར་རོ། ༡༩ དེ་བས་ན་ཁྱེད་མི་སེར་ཡུལ་ན་རྒྱལ་ཁམས་པ་ཡོད་པ་ཡིན་པས། ད་རྒྱལ་ཁམས་པ་ལ་གཅེས་པར་འཛིན་པའི་རིགས་སོ། ༢༠ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་འཇིགས་ཤིང་། ཁོང་གི་གཡོག་བྱེད་པ་དང་། ཁོང་ལ་རྟེན་པ་དང་། ཁོང་གི་མཚན་དཔང་དུ་བཙུགས་ཏེ་མནའ་བྱེད་པའི་རིགས་སོ། ༢༡ ཁོང་གིས་ཁྱོད་ཀྱི་མིག་གིས་མཐོང་བའི་ཕྲིན་ལས་ཆེ་བ་དང་འཇིགས་སུ་རུང་བ་འདི་རྣམས་ཁྱོད་ཀྱི་དོན་དུ་མཛད་པ་པོ་དེ་ནི་ཁྱོད་ཀྱི་སྟོད་པའི་རྒྱུ་དང་ཁྱོད་ཀྱི་དཀོན་མཆོག་ལགས་སོ། ༢༢ ཁྱོད་ཀྱི་ཕ་མེས་མི་སེར་ཡུལ་དུ་སོང་བའི་ཚེ་དེ་དག་གི་གྲངས་ནི་བདུན་ཅུ་ཙམ་ཡོད་ཀྱི། ད་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་གྲངས་ནི་ནམ་མཁའི་སྐར་མ་རྣམས་དང་འདྲ་བར་མཛད་དོ༎