ཀྱེ་ཨིས་ར་ཨེལ་ཉོན་ཞིག ཁྱོད་ད་ལྟ་ཡོར་དན་གྱི་ཕ་རོལ་ཏུ་འགྲོ་དགོས་པས། ཁྱོད་རང་ལས་མི་བརྒྱུད་ཆེ་ཞིང་དྲག་པོ་རྣམས་དང་གྲོང་ཁྱེར་ཆེན་པོ་དང་ནམ་མཁའ་ལ་ཐུག་པའི་ལྕགས་རིས་བསྐོར་བ་རྣམས་དང་།  མི་བརྒྱུད་ཆེན་པོ་ལུས་གཟུགས་རིང་པོ་ཡོད་པའི་ཨ་ནག་དེའི་བུ་བརྒྱུད་ཁྱོད་ཀྱིས་ཤེས་པ་དེ་དག་ལ་བརྟེན་ནས་ཨ་ནག་དེའི་བུ་བརྒྱུད་སུས་ཐུབ་པར་ནུས་ཞེས་ཟེར་བར་ཁྱོད་ཀྱིས་ཐོས་ཀྱང་དེ་དག་ཁྱོད་ཀྱིས་བདག་ཏུ་འཛིན་དུ་འགྲོ་བར་འགྱུར་རོ།  དེ་བས་དེ་རིང་འདི་ཡིད་ལ་འཇོག་ཅིག ཁྱོད་ཀྱི་སྔོན་དུ་ཕ་རོལ་ཏུ་གཤེགས་པ་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལགས་པ་དེ་ཟ་བའི་མེ་ལྟ་བུ་ཞིག་ཡིན་ཏེ་ཁོང་གིས་དེ་དག་མེད་པར་མཛད་དེ། ཁྱོད་ཀྱི་མདུན་དུ་ཆམ་ལ་འབེབས་པར་མཛད་འོང་། ཡ་ཧོ་ཝཱས་ཁྱོད་ལ་གསུངས་པ་བཞིན་དུ་ཁྱོད་ཀྱིས་དེ་དག་སྐྲོད་ཅིང་མྱུར་དུ་མེད་པར་བྱེད་ཡོང་།
 ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་མི་བརྒྱུད་འདི་དག་ནི་དེ་དག་རང་གི་སེམས་ངན་གྱི་ཕྱིར་བསྐྲད་པས། ཁྱོད་ཀྱི་སྙིང་ནང་ངས་སེམས་དྲང་པོ་སྐྱེད་པས་ཡ་ཧོ་ཝཱས་ཡུལ་འདི་ངས་བདག་པའི་དོན་དུ་འདིར་དྲངས་པ་ཡིན་ཞེས་མ་སེམས་ཤིག  ཁྱོད་ཀྱིས་དེ་དག་གི་ཡུལ་བདག་ཏུ་འཛིན་པའི་ཕྱིར་ནང་དུ་འཇུག་པའི་རྒྱུ་ནི་ཁྱོད་ཆོས་དྲང་ཞིང་ཁྱོད་ཀྱི་སྙིང་ཟོལ་ཟོག་དང་བྲལ་བ་ཡིན་པས་མ་ཡིན་གྱི། མི་བརྒྱུད་དེ་དག་སེམས་ངན་བསྐྱེད་པའི་ཕྱིར་དང་། ཡ་ཧོ་ཝཱས་ཁྱོད་ཀྱི་ཕ་མེས་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ལ་དབུ་མནའ་བཞེས་པ་བཞིན་དུ་སྒྲུབ་པའི་དོན་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དེ་དག་ཁྱོད་ཀྱི་མདུན་ནས་སྐྲོད་དོ༎
 ཁྱོད་ནི་མི་བརྒྱུད་གཉའ་རེངས་པ་ཞིག་ཡིན་པས། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཡུལ་བཟང་པོ་དེ་ཁྱོད་ལ་བདག་ཏུ་འཛིན་པར་གནང་བའི་རྒྱུ་ནི་ཁྱོད་ཀྱི་དྲང་བ་ཉིད་མ་ཡིན་པ་ཤེས་པར་དགོས།  ཁྱོད་ཀྱིས་འབྲོག་སྟོང་ན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཐུགས་ཁྲོ་དཀྲུགས་པ་དེ་མ་རྗེད་པར་དྲན་ཞིག ནམ་ཞེ་ན་ཁྱོད་མི་སེར་ཡུལ་ནས་ཐོན་པའི་ཉིན་མོ་ནས་བཟུང་སྟེ་གནས་འདིར་མ་ཕྱིན་བར་དུ་ཁྱོད་རྣམས་ཀྱིས་ཡ་ཧོ་ཝཱ་ལ་ངོ་ལོག་བྱས་སོ།  རི་ཧོ་རེབ་ཀྱི་སྐབས་སུ་ཡང་ཁྱོད་རྣམས་ཀྱིས་ཡ་ཧོ་ཝཱའི་ཐུགས་ཁྲོ་དཀྲུགས་ནས། ཡ་ཧོ་ཝཱའི་ཐུགས་ལ་ཁྱེད་མེད་པར་བྱ་ཞེས་དགོངས་པའི་བར་དུ་ཁྱོད་རྣམས་ལ་ཐུགས་ཁྲོས་སོ།  ཡ་ཧོ་ཝཱས་ཁྱེད་དང་མཛད་པའི་ཞལ་ཆད་ཀྱི་རྡོ་ལེབ་རྣམས་ངས་ལེན་དུ་རི་ལ་འཛེགས་སྐབས་སུ་ང་རི་ལ་ཉིན་མཚན་བཞི་བཅུའི་བར་དུ་གནས་ཏེ་ཁ་ཟས་མ་ཟོས། ཆུ་ཡང་མ་འཐུང་ངོ་། ༡༠ ཡང་དཀོན་མཆོག་གི་ཕྱག་མཛུབ་ཀྱིས་བྲིས་པའི་རྡོ་ལེབ་གཉིས་ཡ་ཧོ་ཝཱས་ང་ལ་གནང་བ་དང་། རྡོ་ལེབ་དེ་གཉིས་ལ་འདུན་མའི་ཉིན་མོར་ཡ་ཧོ་ཝཱས་རི་ལ་མེའི་གཞུང་ལས་ཁྱོད་རྣམས་ལ་བཀའ་ཅི་དང་ཅི་མཛད་པ་བྲིས་པ་འདུག་གོ། ༡༡ ཡང་ཉིན་མཚན་བཞི་བཅུ་རྫོགས་པ་ལས་ཡ་ཧོ་ཝཱས་ཞལ་ཆད་ཀྱི་རྡོ་ལེབ་དེ་གཉིས་ང་ལ་གནང་ཞིང་། ༡༢ ཡ་ཧོ་ཝཱས་ང་ལ་འདི་སྐད་དུ། ཁྱོད་ཀྱི་མི་སྡེ་ཁྱོད་ཀྱིས་མི་སེར་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་པ་དེས་རང་སླད་པར་བྱས་ཏེ། ངས་དེ་དག་ལ་བསྒོ་བའི་ལམ་ལས་མྱུར་དུ་ཟློགས་ཏེ་བླུགས་སྐུ་ཞིག་བཅོས་པས། ད་འདི་ནས་མྱུར་དུ་འབོབ་ཅིག་ཅེས་གསུངས་སོ༎
༡༣ སླར་ཡང་ཡ་ཧོ་ཝཱས་ང་ལ་འདི་སྐད་དུ། ངས་མི་སྡེ་འདི་ལ་བལྟས་པ་ལས་ཀྱེ་ཧོ་མི་སྡེ་གཉའ་རེངས་ཅན་ཞིག་ཡིན་ནོ། ༡༤ ད་ང་ལ་དེ་དག་མེད་པར་བྱེད་དུ་ཆུག་ཅིག་དང་། དེ་དག་གི་མིང་ནམ་མཁའི་འོག་ནས་མེད་པར་བྱས་ནས། ཁྱོད་ལས་མི་བརྒྱུད་ལྷག་པར་མཐུ་ལྡན་དང་གྲངས་ཆེ་བ་ཞིག་མཛད་པར་བྱ་ཞེས་བཀའ་གནང་ངོ་། ༡༥ དེ་ནས་ང་སོང་སྟེ་མེ་འབར་བའི་རི་ལས་བབས་ཏེ། ཞལ་ཆད་ཀྱི་རྡོ་ལེབ་གཉིས་ངའི་ལག་པ་གཉིས་ཀྱིས་ཁྱེར་ཏོ། ༡༦ ཡང་ངས་བལྟས་པ་ལས་ལྟོས་ཤིག་ཁྱེད་ཀྱིས་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་སྡིག་པ་བྱས་ཏེ། བླུགས་མའི་བེའུ་ཞིག་ཁྱེད་ཀྱི་ཕྱིར་བཅོས་ནས། ཡ་ཧོ་ཝཱས་ཁྱོད་རྣམས་ལ་བཀའ་སྩལ་པའི་ལམ་ལས་མགྱོགས་པ་འཁྱར་བ་ཡིན། ༡༧ ཡང་ངས་རྡོ་ལེབ་དེ་གཉིས་བཟུང་སྟེ་ངའི་ལག་པ་གཉིས་ནས་ཕར་དབྱུགས་ནས་ཁྱེད་ཀྱི་མཐོང་ངོར་བཅག་གོ། ༡༨ ཡང་ཁྱོད་ཚོས་ཡ་ཧོ་ཝཱའི་ཞལ་ངོར་ངན་པ་ཡིན་པ་དེ་སྤྱད་ཅིང་ཁོང་གི་ཐུགས་ཁྲོ་དཀྲུགས་ནས། སྡིག་པ་བྱས་པ་ཐམས་ཅད་ཀྱི་དོན་དུ་ཡ་ཧོ་ཝཱའི་ཞལ་ངོར་ངས་ལུས་ས་ལ་བརྡབས་ནས་སྔ་མ་བཞིན་དུ་ཉིན་མཚན་བཞི་བཅུའི་བར་དུ་ཁ་ཟས་ཀྱང་མ་ཟོས་ཆུ་ཡང་མ་འཐུང་ངོ་། ༡༩ གང་ལ་ཞེ་ན། ཡ་ཧོ་ཝཱས། ངས་དེ་དག་ཚར་གཅོད་པར་བྱ་ཞེས་དགོངས་པ་ཙམ་དུ་ཐུགས་ཁྲོས་པས་ཁོང་གི་ཁྲོ་བ་དང་རྔམ་བརྗིད་ཀྱིས་འཇིགས་པའི་ཕྱིར་རོ། འོན་ཀྱང་ད་ལན་ཡང་ཡ་ཧོ་ཝཱས་ངའི་ཞུ་བ་ལ་གསན་ཏོ། ༢༠ ཡ་ཧོ་ཝཱས། ཨ་རོན་ཡང་མེད་པར་བྱ་ཞེས་དགོངས་པ་ཙམ་དུ་དེ་ལ་ཤིན་ཏུ་ཐུགས་ཁྲོས་པ་དང་། ངས་ཨ་རོན་གྱི་དོན་དུ་ཡང་དེའི་དུས་སུ་གསོལ་བ་བཏབ་བོ། ༢༡ ཡང་ངས་ཁྱོད་ཀྱི་ཉེས་པ་ཞེ་ན། ཁྱོད་ཀྱིས་བྱས་པའི་བེའུ་ཁྱེར་ཞིང་མེས་སྲེགས་ནས་བཅག་པ་དང་། ཕྱེ་མར་འཐག་པ་ཙམ་དུ་ཞིབ་མོར་བཀྲལ་ནས། དེའི་ཐལ་བ་རི་ལས་བབ་པའི་གྲོག་ཆུའི་ནང་དུ་བསྐྱུར་ཏོ༎
༢༢ ཡང་ཐ་བེ་ཨེ་རཱ་དང་མ་སཱ་དང་ཁིབ་རོད་ཧད་ཐ་ཨ་ཝཱ་བྱ་བའི་གནས་རྣམས་སུ་ཁྱོད་ཀྱིས་ཡ་ཧོ་ཝཱའི་ཐུགས་ཁྲོ་དཀྲུགས་སོ། ༢༣ དེའང་ཡ་ཧོ་ཝཱས་ཁྱོད་ཚོ་ཁ་དཱེས་བར་ནེ་ཨ་ནས་རྫོང་སྐབས་སུ་ཁྱོད་རྣམས་ལ། ད་ངས་ཁྱེད་ལ་གནང་བའི་ཡུལ་དེ་བདག་ཏུ་འཛིན་པའི་ཕྱིར་གྱེན་དུ་སོང་ཞིག་ཅེས་བཀའ་སྩལ་ཙ་ན། ཁྱོད་རྣམས་ཀྱིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་བཀའ་བཅག་ནས། ཁོང་ལ་དད་པ་མ་བྱས་ཏེ། ཁོང་གི་གསུང་ལ་ཡང་མ་ཉན་ཏོ། ༢༤ ངས་ཁྱོད་ཚོ་ངོ་ཤེས་པའི་ཉིན་མོ་ནས་བཟུང་སྟེ། ཁྱོད་རྣམས་ཀྱིས་ཡ་ཧོ་ཝཱ་ལ་འབངས་གྱེན་ཟློག་བྱས།
༢༥ ཡ་ཧོ་ཝཱས། ངས་དེ་དག་མེད་པར་བྱ་ཞེས་གསུངས་པའི་ཕྱིར་དུ་སྔར་ངས་ལུས་ས་ལ་བརྡབས་པ་བཞིན་དུ་ད་ཡང་ཡ་ཧོ་ཝཱའི་སྤྱན་སྔར་ཉིན་མཚན་བཞི་བཅུའི་བར་དུ་ལུས་ས་ལ་བརྡབས་པ་ཡིན། ༢༦ ཡང་ངས་ཡ་ཧོ་ཝཱ་ལ་གསོལ་བ་འདེབས་ཤིང་འདི་སྐད་དུ། ཀྱེ་ཡ་ཧོ་ཝཱ་དཀོན་མཆོག ཁྱེད་ཀྱིས་བདག་ཏུ་མཛད་པའི་མི་སྡེ་དེ་ཁྱེད་ཀྱི་དབང་གིས་བསྒྲལ་བར་མཛད་ཅིང་། ཁྱེད་ཀྱི་ཕྱག་མཐུ་ལྡན་གྱིས་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་བཏོན་པ་དེ་མེད་པར་མ་མཛད་ཅིག ༢༧ ཁྱེད་ཀྱི་བྲན་པོ་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ཐུགས་ལ་འདོགས་ཏེ་མི་བརྒྱུད་འདིས་བསྐྱེད་པའི་སེམས་གྱོང་པོ་དང་ངན་སེམས་དེ་དག་གིས་བྱས་པའི་ཉེས་པ་ལ་གཟིགས་པར་མ་མཛད། ༢༨ ཇི་སྟེ་དེ་ལ་གཟིགས་ན་གང་གི་ཡུལ་གྱི་ཕྱི་རོལ་དུ་ཁྱེད་ཀྱིས་ངེད་ཁྲིད་པ་ཡུལ་དེའི་མི་རྣམས་ཀྱིས། ཡ་ཧོ་ཝཱས་དེ་དག་ལ་ཞལ་གྱིས་བཞེས་པའི་ཡུལ་གྱི་ནང་དུ་འཁྲིད་པར་མ་ནུས་པ་དང་དེ་དག་ལ་ཐུགས་འཁྲོ་བར་མཛད་པའི་དོན་དུ་ཁོང་གིས་དེ་དག་འབྲོག་སྟོང་ན་འཆི་རུ་འཇུག་པའི་དོན་དུ་ཕྱི་རོལ་ཏུ་ཁྲིད་པ་ཡིན་ཞེས་སྨྲ་བར་འགྱུར་རོ། ༢༩ དེ་དག་ཁྱེད་ཀྱིས་བདག་ཏུ་མཛད་པའི་མི་བརྒྱུད་ཁྱེད་ཀྱི་ཕྱག་མཐུ་ལྡན་བརྐྱང་བས་ཕྱི་རོལ་ཏུ་ཁྲིད་པ་མ་ཡིན་ནམ་ཞེས་གསོལ་ཏོ༎