ངས་དེ་རིང་ཁྱོད་ལ་སྐུལ་བའི་བཀའ་རྣམས་སྲུང་ལ་དེ་བཞིན་དུ་བྱོས་ཤིག་དང་། ཁྱོད་འཚོ་ཞིང་འཕེལ་བར་འགྱུར་ཞིང་། ཡ་ཧོ་ཝཱས་ཁྱོད་ཀྱི་མེས་པོ་རྣམས་ལ་དབུ་མནའ་བཞེས་པ་བཞིན་དུ་ཡུལ་དེ་བདག་ཏུ་འཛིན་པའི་ཕྱིར་དེར་འགྲོ་བར་འགྱུར་རོ།  ཡང་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་སེམས་སྨད་དུ་འཇུག་པ་དང་ཁྱོད་ཀྱི་ཉམས་ཚོད་བཞེས་པ་དང་། ཁྱོད་ཀྱི་སྙིང་གི་གནས་ཚུལ་ནི་ཁྱོད་ཀྱིས་ཁོང་གི་བཀའ་སྲུང་ངམ་མི་སྲུང་རྟོགས་པའི་ཕྱིར་ལོ་བཞི་བཅུ་དེའི་བར་དུ་འབྲོག་སྟོང་ན་ཁྲིད་པར་མཛད་པའི་ལམ་ཚང་མ་དྲན་པར་གྱིས་ཤིག  ཡང་ཁོང་གིས་ཁྱོད་ཀྱི་སེམས་སྨད་དུ་འཇུག་པ་དང་བཀྲེས་སུ་འཇུག་པ་དང་། ཁྱོད་རང་དང་ཁྱོད་ཀྱི་མེས་པོ་རྣམས་ཀྱིས་སྔར་མ་ཤེས་པའི་མན་ནཱ་ནི་ཟ་རུ་བཅུག་གོ། གང་ལ་ཞེ་ན། བག་ལེབ་འབའ་ཞིག་གིས་མི་ནི་མི་འཚོའི། ཡ་ཧོ་ཝཱའི་ཞལ་ནས་འབྱུང་བའི་བཀའ་ཐམས་ཅད་ཀྱིས་འཚོ་བ་ནི་ཁྱོད་ལ་སློབ་པར་མཛད་པའི་ཕྱིར་རོ།  ཁྱོད་ཀྱིས་གོན་པའི་གོས་རྣམས་ལོ་བཞི་བཅུ་དེའི་བར་དུ་མ་བརྙིངས། རྐང་པ་ཡང་མ་བསྐྲངས་སོ།  ཡང་མི་ཞིག་གིས་རང་གི་བུ་འདུལ་བ་ལྟར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་འདུལ་བར་མཛད་པ་སྙིང་ལ་ཆོང་ཞིག  དེ་བས་ན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་བཀའ་རྣམས་སྲུང་ལ། ཁོང་གི་ལམ་རྣམས་ལ་འགྲུལ་ཞིང་ཁོང་ལ་འཇིགས་ཤིག  ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་གང་གི་ཡུལ་བཟང་པོ་རུ་འཁྲིད་པར་འགྱུར་བའི་གནས་ཚུལ་འདི་ལྟར་རོ། ཡུལ་དེ་ན་གྲོག་པོ་དང་ལུང་པ་དང་རི་རྣམས་ལས་འཐོན་པོའི་ཆུ་མིག་དང་གཙང་པོ་རྣམས་ཡོད།  གྲོ་ནས་དང་རྒུན་ཤིང་དང་སེ་ཡབ་དང་སེ་འབྲུ་དང་། ཁ་སྐྱུར་པོ་དང་སྦྲང་རྩི་མང་པོ།  ཡུལ་དེ་ན་ཁྱོད་ལ་ཟ་རྒྱུ་དཀོན་པ་མེད་དེ། དེར་མེད་མཁན་ཅིའང་མེད། ཡང་ཡུལ་དེའི་རྡོ་བ་ནི་ལྕགས་ཡིན་ཏེ། རི་རྣམས་ལས་ཟངས་འབྲུ་བར་ཐུབ། ༡༠ ད་ཁྱོད་ཀྱིས་ཟོས་ནས་འགྲང་བར་གྱུར་པའི་དུས་སུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་བཟང་པོའི་ཕྱིར་ཁོང་ལ་སྟོད་བསྔགས་པའི་རིགས་སོ༎
༡༡ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་མི་དྲན་པ་དང་། ངས་དེ་རིང་ཁྱོད་ལ་སྐུལ་བའི་བཀའ་དང་ཁྲིམས་དང་སྤྱད་མཚམས་ལས་འགལ་གྱིས་དོགས་པས་གཅང་གྱིས་ཤིག ༡༢ ཁྱོད་ཟོས་ནས་འགྲང་བར་འགྱུར་བ་དང་། ཁང་པ་བཟང་པོ་རྣམས་བརྩིགས་ནས་དེའི་ནང་ན་གནས་པ་དང་། ༡༣ ཁྱོད་ཀྱི་ལུག་ཕྱུགས་འཕེལ་བར་འགྱུར་བ་དང་། ཁྱོད་ཀྱི་དངུལ་དང་གསེར་དང་ཁྱོད་ལ་ཡོད་པའི་ནོར་ཐམས་ཅད་འཕེལ་བར་འགྱུར་བའི་དུས་སུ། ༡༤ ཁྱོད་ཀྱི་སྙིང་ང་རྒྱལ་གྱིས་བསྙེམས་ཏེ་ཁྱོད་བྲན་འཁོལ་གྱི་ཁང་པ་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་འཁྲིད་པའི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་མི་རྗེད་པ་ལ་བྱ་ར་བྱོས། ༡༥ ཁོང་གིས་ནི་ཁྱོད་འབྲོག་སྟོང་ཆེན་པོ་འཇིགས་སུ་རུང་བ་དུག་སྦྲུལ་དྲག་པོ་དང་སྡིག་པ་རྭ་ཅན་དང་ཆུ་མེད་པའི་གནས་ཀྱི་ཕ་རོལ་ཏུ་འཁྲིད་ཅིང་བྲག་ལས་ཁྱོད་ཀྱི་ཕྱིར་ཆུ་བཏོན་པ་དང་། ༡༦ ཁྱོད་ཀྱི་སེམས་སྨད་དུ་འཇུག་པ་དང་ཁྱོད་ཀྱི་ཉམས་ཚོད་བཞེས་པ་དང་། མཐའ་མར་ཁྱོད་ལ་བཀའ་དྲིན་མཛད་པའི་ཕྱིར་ཁྱོད་ཀྱི་མེས་པོ་རྣམས་ཀྱིས་མ་ཤེས་བའི་མན་ནཱ་ནི་འབྲོག་སྟོང་ན་ཟ་རུ་འཇུག་པར་མཛད་དོ། ༡༧ ད་ཁྱོད་ཀྱིས་སྙིང་དུ་ངའི་སྟོབས་དང་ངའི་ལག་པའི་མཐུས་ནོར་འདི་བརྙེད་པ་ཡིན་ཞེས་མ་བསམས་པར། ༡༨ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་དྲན་པར་གྱིས་ཤིག ཅི་ལ་ཞེ་ན། ཁོང་གིས་ཁྱོད་ཀྱི་ཕ་མེས་པོ་རྣམས་ལ་དབུ་མནའ་བཞེས་པའི་ཞལ་ཆད་གཏན་ལ་འབེབས་པའི་ཕྱིར་དེ་རིང་གི་ཉིན་མོ་ལ་ཡོད་པ་བཞིན་དུ་ཁྱོད་ལ་ནོར་རྙེད་དུ་སྟོབས་སྩལ་པ་དེ་ཁོང་ཉིད་ལགས་སོ། ༡༩ ཡང་གལ་ཏེ་ཁྱོད་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ཁྱོན་ནས་མ་དྲན་ཏེ་གཞན་ལྷ་རྣམས་ཀྱི་རྗེས་སུ་འབྲང་ཞིང་། དེ་དག་ལ་རིམ་གྲོ་བྱེད་ཅིང་ཕྱག་འཚལ་ན། དེ་ནས་ཁྱོད་རྣམས་ངོ་ཐོག་ནུབ་པར་འགྱུར་ཞེས་ངས་དེ་རིང་ཁྱོད་རྣམས་ལ་དཔང་འབུད་དོ། ༢༠ ཡ་ཧོ་ཝཱས་ཁྱོད་ཀྱི་མདུན་དུ་མི་བརྒྱུད་རྣམས་མེད་པར་མཛད་འོང་བ་དང་འདྲ་བར་ཁྱོད་རྣམས་ཀྱང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་བཀའ་ལ་མི་ཉན་པའི་དོན་དུ་མེད་པར་འགྱུར་འོང་༎