༢༥
མི་རྣམས་ཀྱི་བར་ལ་རྩོད་པ་འབྱུང་ན། ཞལ་ཆེ་བས་དེ་དག་གི་ཞལ་ཆེ་གཅོད་དགོས། ཆོས་དྲང་པོ་རྒྱལ་དུ་འཇུག་པ་དང་ཆོས་མེད་པ་ཕམ་དུ་འཇུག་པའི་རིགས་སོ།  ཡང་གལ་ཏེ་ཆོས་མེད་པ་ནི་རྡུང་བར་འགྱུར་བར་འོས་ན་ཞལ་ཆེ་བས་དེ་ཉལ་དུ་བཅུག་ནས་རང་གི་མཐོང་ངོར་ཉེས་པའི་ཚད་བཞིན་དུ་རྟ་ལྕག་གིས་རྡུང་དུ་འཇུག་པར་དགོས།  རྟ་ལྕག་བཞི་བཅུ་ལས་ལྷག་པར་དེ་ལ་རྒྱབ་པར་མི་རུང་། ཇི་སྟེ་དེ་བས་ལྷག་པར་རྟ་ལྕག་མང་པོ་རྒྱབ་ན། ཁྱོད་ཀྱི་མདུན་དུ་སྤུན་སྨད་པར་འགྱུར་ཡོང་།
 གཡུལ་ཁར་འབྲུ་འདོན་པའི་བ་གླང་གི་ཁ་མ་འཆིངས་ཤིག
 སྤུན་མཉམ་པོར་གནས་པ་རྣམས་ལས་གཅིག་ལ་བུ་བརྒྱུད་མ་ཆད་པར་ཤི་ན། ཤི་བ་དེའི་ཆུང་མ་ཕྱི་རོལ་གྱི་མི་གཞན་ཞིག་དང་བཟའ་མི་མི་བྱེད་པར་ཁྱོའི་ནུ་བོས་མོ་དང་འགྲོགས་ཏེ་ཆུང་མར་ལེན་ཞིང་། ཁྱོའི་སྤུན་གྱི་ཁག་འཁུར་བ་བཞིན་དུ་མོ་ལ་བྱེད་པར་དགོས།  ཡང་འདས་པའི་སྤུན་གྱི་མིང་ཨིས་ར་ཨེལ་ལས་འཇིག་པར་མི་འགྱུར་བའི་ཕྱིར་མོ་ལ་སྐྱེས་པའི་སྔོན་སྐྱེས་ཤི་བའི་སྤུན་གྱི་མིང་བཞིན་དུ་རྩི་བར་དགོས།  ཇི་སྟེ་མི་དེས་ཕུ་བོའི་ཨ་ཇོའི་ཆུང་མ་བག་མར་ལེན་དུ་མི་དགའ་ན། ཨ་ཇོའི་ཆུང་མ་རྒྱ་སྒོར་རྒན་པོ་རྣམས་ཀྱི་དྲུང་དུ་སོང་ནས། ངའི་ཁྱོའི་སྤུན་གྱིས་ཨིས་ར་ཨེལ་ན་ཨ་ཇོའི་མིང་གི་བརྒྱུད་སྐྱེད་པར་མི་དགའ་སྟེ་ངའི་ཁྱོའི་ནུ་བོའི་ཁག་འཁུར་བར་མི་བྱེད་དོ་ཞེས་ཟེར་བར་དགོས།  དེ་ནས་མི་དེའི་གྲོང་ཁྱེར་གྱི་རྒན་པོ་རྣམས་ཀྱིས་དེ་བོས་ནས་དེ་ལ་ལབ་པ་དང་། གལ་ཏེ་སེམས་མ་བསྒྱུར་ཏེ་ངས་མོ་དེ་ལེན་པར་མི་དགའ་ཟེར་ན།  ཨ་ཇོའི་ཆུང་མ་རྒན་པོ་རྣམས་ཀྱི་མཐོང་ངོར་དེའི་མདུན་དུ་སོང་ནས་དེའི་རྐང་པ་ལས་ལྷམ་ཕུད་དེ། གདོང་ལ་མཆིལ་མ་འདོར་ཞིང་། ལན་དུ་དེ་ལ། རང་གི་ཨ་ཇོའི་རིགས་བརྒྱུད་སྐྱེད་པར་མི་དགའ་བའི་མི་ལ་འདི་ལྟར་བྱེད་པར་བྱ་ཞེས་ཟེར་བར་དགོས། ༡༠ ཡང་མི་དེའི་མིང་ནི་ཨིས་ར་ཨེལ་གྱི་ནང་ན་ལྷམ་ཕུད་མཁན་གྱི་མིའི་ཁང་པ་དེ་ཡིན་ནོ་ཞེས་མིང་ཟེར་བར་བྱའོ༎
༡༡ མི་གཉིས་གཅིག་གིས་གཅིག་ལ་རྒོལ་བ་ལས། གཅིག་གི་ཆུང་མས་རང་གི་ཁྱོ་རྡུང་བའི་མིའི་ལག་པ་ལས་སྒྲོལ་བའི་ཕྱིར་ཚུར་འོང་བ་དང་། མི་དེའི་གསང་གནས་ལག་པས་འཛིན་ན། ༡༢ དེའི་ལག་པ་ཆོད་དང་། ཁྱོད་ཀྱི་མིག་གིས་དེ་ལ་སྙིང་རྗེ་མ་སྐྱེད་ཅིག
༡༣ ཁྱོད་ཀྱི་སྒྱིའུ་ཡི་ནང་སྐར་ཚད་སོ་སོ་ཆེ་བ་དང་ཆུང་བ་མ་འཇོག་ཅིག ༡༤ ཁྱོད་ཀྱི་ཁང་པར་བྲེ་སོ་སོ་ཆེ་བ་དང་ཆུང་བ་ཡོད་པར་མི་རུང་། ༡༥ སྐར་ཚད་ཚད་ལྡན་དྲང་པོ་དང་། བྲེ་ཚད་ལྡན་དྲང་པོ་ཁྱོད་ལ་ཡོད་པར་དགོས། ཅི་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་ན་ཁྱོད་ཀྱི་ཚེ་རིང་བར་འགྱུར་བའི་ཕྱིར་རོ། ༡༦ བྱ་བ་དེ་ལྟ་བུ་དག་སྤྱོད་པ་དང་མི་རིགས་པའི་ལས་བྱེད་པ་ཐམས་ཅད་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་ཞལ་ངོར་མི་གཙང་བ་རྣམས་ཡིན་ནོ༎
༡༧ ཁྱོད་རྣམས་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་ཐོན་པའི་ལམ་དུ་ཨ་མ་ལེག་གིས་ཁྱེད་ལ་ཅི་བྱས་པ་དྲན་ཞིག ༡༨ དེས་ནི་དཀོན་མཆོག་ལ་མ་འཇིགས་པར་ལམ་དུ་ཁྱོད་དང་ཕྲད་དེ། ཁྱོད་ཉམས་ཆུང་ཞིང་ངལ་བའི་ཚེ་ཁྱོད་ཀྱི་མཇུག་ཏུ་ལུས་པ་ཞན་པ་གང་ཡིན་པ་མ་བཅོམ་མམ། ༡༩ དེ་བས་ན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་ནོར་སྐལ་དུ་བདོག་པའི་ཕྱིར་གནང་བའི་ཡུལ་དེར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་མཐའ་འཁོར་ལ་ཡོད་པའི་ཕ་རོལ་པ་ཐམས་ཅད་ལས་ཐར་པ་གནང་བའི་ཚེ་ཨ་མ་ལེག་གི་མིང་ནམ་མཁའི་འོག་ནས་མེད་པར་བྱེད་པ་ཡིད་ལ་ཆོང་ཞིག།