༣༢
ཡང་རུ་བེན་གྱི་བུ་དང་གད་ཀྱི་བུ་རྣམས་ལ་ལུག་ཕྱུགས་ཤིན་ཏུ་མང་པོ་ཡོད་དོ། དེ་དག་གིས་ནི་ཡ་ཟེར་ཡུལ་དང་གིལ་ཨད་ཡུལ་ནི་ཕྱུགས་ཀྱི་ཕྱིར་ས་ཆ་ཞིག་ཡིན་པར་མཐོང་ནས།  གད་དང་རུ་བེན་གྱི་བུ་རྣམས་ཡོངས་ཏེ། མོ་ཤེ་དང་བླ་མ་ཨེལ་ཨ་ཟར་དང་ཆོས་ཚོགས་ཀྱི་འགོ་པ་རྣམས་ལ་འདི་སྐད་ཅེས་སྨྲས་པ།  ཨ་ཐ་རོད་དང་། དི་བོན་དང་། ཡ་ཟེར་དང་། ནིམ་རཱ་དང་། ཧེས་བོན་དང་། ཨེ་ལེ་ཨ་ལེ་དང་། སེ་བམ་དང་། ནེ་བོ་དང་། བེ་ཨོན་ན།  ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་དཔུང་ཚོགས་ཀྱི་མདུན་ལ་བསད་པའི་ཡུལ་དེ་ནི་དུད་འགྲོའི་ཕྱིར་ལེགས་ཏེ། ཡང་ཁྱེད་ཀྱི་གཡོག་པོ་རྣམས་ལ་དུད་འགྲོ་ཡོད་ཟེར་ནས་ཡང་།  གལ་ཏེ་ང་ཚོ་ལ་ཁྱེད་ཀྱི་གཟིགས་ངོར་ཐུགས་རྗེ་ཐོབ་ན། ཡོར་དན་གྱི་ཕ་རོལ་ཏུ་མི་འགྲོ་བའི་དོན་དུ་ཁྱེད་ཀྱི་གཡོག་པོ་རྣམས་ལ་ཡུལ་འདི་བདག་ཏུ་གནང་བར་ཆུག་ཅིག
 ཡང་མོ་ཤེས་གད་ཀྱི་བུ་རྣམས་དང་རུ་བེན་གྱི་བུ་རྣམས་ལ་སྨྲས་པ། ཁྱོད་ཅག་གི་སྤུན་རྣམས་དམག་འཐབ་པ་ལ་འགྲོ་བ་དང་། ཁྱོད་ཚོ་ནི་འདི་རུ་སྡོད་པར་བྱའམ།  ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་རྣམས་ལ་གནང་ཡོད་པའི་ཡུལ་དུ་ཕར་ཕྱོགས་སུ་འགྲོ་བ་ལ་ཁྱོད་ཚོས་ཅི་ལ་དེ་དག་གི་སྙིང་སྟོབས་ཉམས་པར་བྱེད།  ཁྱེད་ཀྱི་ཕ་ཚོས་ངས་ཁོ་རྣམས་ཁ་དཱེས་བར་ནེ་ཨ་ནས་ཡུལ་ཚོད་ལེན་པའི་ཕྱིར་བཏང་ཚེ་ཡང་འདི་ལྟར་བྱས་སོ།  གང་ལ་ཟེར་ན། དེ་དག་གྱེན་དུ་ཨེས་ཀོལ་ལུང་པ་རུ་སོང་སྟེ། ཡུལ་དེ་མཐོང་ནས། ཡ་ཧོ་ཝཱས་གནང་བའི་ཡུལ་དེའི་ནང་དུ་མི་འགྲོ་བའི་ཕྱིར་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྙིང་སྟོབས་ཉམས་པར་བྱས་ནས། ༡༠ ཡ་ཧོ་ཝཱའི་ཐུགས་ཁྲོ་འབར་བར་གྱུར་ཏེ། དབུ་མནའ་སྐྱེལ་ཞིང་། ༡༡ མི་སེར་ཡུལ་ནས་ཡོངས་པའི་མི་ལོ་ཉི་ཤུ་ཡན་ཆད་དེ་དག་གི་ནང་ནས་སུ་ཡང་ངས་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ལ་མནའ་ཡིས་བསྟེར་བའི་ཡུལ་དེ་མཐོང་བར་མི་འགྱུར། སྙིང་ནས་ངའི་རྗེས་སུ་མ་འབྲངས་པའི་ཕྱིར་རོ། ༡༢ ཀེ་ནི་ཟི་པ་ཡེ་ཕུན་ནེའི་བུ་ཀ་ལེབ་དང་། ནུན་གྱི་བུ་ཡོ་ཤུ་ཨ་གཉིས་ནི་སྙིང་ཚང་མ་ནས་ངའི་རྗེས་སུ་འབྲངས་པས། དེ་གཉིས་ཀྱིས་མཐོང་ཡོང་གསུངས་སོ། ༡༣ ཡང་ཡ་ཧོ་ཝཱའི་ཐུགས་ཁྲོ་ནི་ཨིས་ར་ཨེལ་ལ་འབར་ཞིང་། ཡ་ཧོ་ཝཱའི་གཟིགས་ངོར་ངན་པ་བྱས་པའི་མི་རབས་ཐམས་ཅད་མེད་པར་མ་གྱུར་བའི་བར་དུ་འབྲོག་སྟོང་དུ་ཕར་ཚུར་འཁོར་བཅུག་པར་མཛད་དོ། ༡༤ ཡང་ལྟོས་ཤིག ཁྱོད་ཚོ་ཕ་མེས་ཀྱི་ཚབ་ཏུ་བྱུང་སྟེ། ལྷག་པར་སྡིག་ཅན་བྱུང་། ཡ་ཧོ་ཝཱའི་ཐུགས་ཁྲོ་དྲག་པོ་ད་རུང་ཡང་འཕེལ་ཡོང་། ༡༥ གལ་ཏེ་ཁྱེད་ཚོས་ཁོང་གི་རྗེས་སུ་མི་འབྲང་ན། ཁོང་གིས་ཁྱོད་རྣམས་ཀྱང་འབྲོག་སྟོང་དུ་ལུས་སུ་འཇུག་ཅིང་། མི་སྡེ་འདི་ཐམས་ཅད་ཀྱང་འཇིག་པར་འགྱུར་བསྒོ་བ་དང་།
༡༦ དེ་དག་ཉེ་བར་ཡོངས་ཏེ་ཁོང་ལ། ང་ཚོའི་ར་ལུག་དང་ཕྱུགས་ཀྱི་ཕྱིར་དུ་ལྷས་ར་རྣམས་བཟོ་བ་དང་། ངེད་ཀྱི་བུ་ཆུང་བ་རྣམས་ལ་གྲོང་ཚོ་རྣམས་རྩིག་པར་བྱའོ། ༡༧ འོན་ཀྱང་ཨིས་ར་ཨེལ་གྱི་བུ་རྣམས་ནི་རང་གི་གནས་ས་རུ་མ་སྐྱེལ་བའི་བར་དུ་ང་ཚོ་མཚོན་ཆ་དང་བཅས་དེ་དག་གི་སྔོན་དུ་འགྲོ་བར་བྱ། ངེད་ཀྱི་ཆུང་བ་རྣམས་ཡུལ་འདིའི་མི་ལས་སྐྱོབ་པའི་ཕྱིར་ལྕགས་རིས་བསྐོར་ཡོད་པའི་གྲོང་ཁྱེར་རྣམས་ལ་གནས་པར་འགྱུར། ༡༨ ཡང་ཨིས་ར་ཨེལ་གྱི་བུ་རེ་རེས་རང་གི་ནོར་སྐལ་མ་ཐོབ་པའི་བར་དུ་ངེད་རང་གི་ཁང་པ་རྣམས་སུ་ཕྱིར་ལོག་པར་མི་བྱ། ༡༩ ང་ཚོ་ཁོ་རྣམས་དང་བཅས་སུ་ཡོར་དན་གྱི་ཕར་ལོགས་ལ་ནོར་སྐལ་ཐོབ་པར་མི་དགའ། ཕ་ཚོའི་ནོར་སྐལ་ནི་ཡོར་དན་གྱི་ཚུར་ལོགས་སུ་ཤར་ཕྱོགས་སུ་ཡོད་པའི་ཕྱིར་རོ་ཞེས་སྨྲས་ནས། ༢༠ མོ་ཤེས་སྨྲས་པ། ཁྱོད་རྣམས་ཀྱིས་དེ་ལྟར་བྱེད་ན། ཡ་ཧོ་ཝཱའི་སྔོན་དུ་དམག་ལ་འགྲོ་བའི་ཕྱིར་གོ་ཆ་གོན་ན། ༢༡ ཡ་ཧོ་ཝཱས་ཉིད་ཀྱི་དགྲ་རྣམས་ཡུལ་ནས་མ་བསྐྲད་པའི་བར་དུ་ཁྱེད་ཀྱི་ནང་ནས་གོ་ཆ་གོན་ཡོད་པ་རེ་རེ་ཁོང་གི་སྔོན་དུ་ཡོར་དན་གྱི་ཕར་ལོགས་སུ་འགྲོ་བར་དགའ་ན། ༢༢ ཡ་ཧོ་ཝཱའི་ཞལ་ངོར་ཡུལ་བཅོམ་ནས། དེའི་རྗེས་ལ་ཁྱེད་ཕྱིར་ལོག་ཡོངས་ཏེ། ཡ་ཧོ་ཝཱ་དང་ཨིས་ར་ཨེལ་གྱི་དྲུང་དུ་སྐྱོན་མེད་པས། ཡུལ་འདི་ནི་ཡ་ཧོ་ཝཱའི་སྤྱན་སྔར་ཁྱོད་རྣམས་ལ་བདག་ཏུ་བཟུང་བ་ཞིག་ཡོད་པར་འགྱུར། ༢༣ འོན་ཀྱང་དེ་བཞིན་དུ་མི་བྱེད་ན། དེ་ནས་ཁྱེད་ཚོ་ཡ་ཧོ་ཝཱའི་དྲུང་སྡིག་ཅན་དུ་གྱུར་ཏེ། ཁྱོད་ཅག་གི་སྡིག་པས་ཁྱོད་ཅག་འཛིན་འོང་བར་ཧ་གོ་ཤིག ༢༤ ད་ཁྱོད་རྣམས་ཀྱི་ཆུང་བ་རྣམས་ཀྱི་ཕྱིར་དུ་གྲོང་ཚོ་རྣམས་རྩིགས་ཤིག་དང་། ལུག་ཕྱུགས་ལ་ལྷས་ར་རྣམས་བཟོ་བར་བྱོས་ཤིག་དང་། ཁྱེད་ཀྱི་ཁ་ནས་གང་བྱུང་བ་དེ་སྲུངས་ཤིག ༢༥ ཡང་གད་དང་རུ་བེན་གྱི་བུ་རྣམས་ཀྱིས་མོ་ཤེ་ལ། ངེད་ཀྱི་ཇོ་བོས་བཀའ་གནང་བ་ལྟར་ཁྱེད་ཀྱི་གཡོག་པོ་རྣམས་ཀྱིས་བྱེད་པར་བྱའོ། ༢༦ ངེད་ཀྱི་བུ་ཆུང་བ་དང་ཆུང་མ་རྣམས་དང་། ཁྱུ་རྣམས་དང་ཕྱུགས་ཐམས་ཅད་གིལ་ཨད་གྲོང་ཁྱེར་རྣམས་ལ་གནས་ཏེ། ༢༧ ཁྱེད་ཀྱིས་བཀའ་གནང་བ་བཞིན་དུ་ཁྱེད་ཀྱི་གཡོག་པོ་དམག་གི་དོན་དུ་གོ་ཆ་གོན་ཡོད་མཁན་རེ་རེས་འཐབ་པའི་ཕྱིར་ཡ་ཧོ་ཝཱའི་སྔོན་དུ་ཕར་ཕྱོགས་སུ་འགྲོ་བར་བྱའོ་ཞེས་ཞུས་སོ༎
༢༨ དེ་དག་ལ་བལྟ་སྟེ་མོ་ཤེས་ནི་བླ་མ་ཨེལ་ཨ་ཟར་དང་། ནུན་གྱི་བུ་ཡོ་ཤུ་ཨ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྡེ་ཚང་མའི་ཁང་པ་རྣམས་ཀྱི་འགྲོ་བ་དག་ལ། ༢༩ གལ་ཏེ་གད་ཀྱི་བུ་དང་རུ་བེན་གྱི་བུ་རྣམས་དམག་འཐབ་པའི་ཕྱིར་གོ་ཆ་གོན་མཁན་རེ་རེ་ཁྱོད་རྣམས་དང་མཉམ་དུ་ཡ་ཧོ་ཝཱའི་དྲུང་ནས་ཡོར་དན་གྱི་ཕ་རོལ་ཏུ་སོང་ནས། ཡུལ་འཇོམས་པར་བྱ་ན། དེ་ནས་ཁྱེད་ཀྱིས་གིལ་ཨད་ཡུལ་དེ་ཁོ་རྣམས་ལ་བདག་ཏུ་གཏོང་དགོས། ༣༠ ཇི་སྟེ་གོ་ཆ་གོན་པ་དང་། ཁྱོད་ཚོ་དང་མཉམ་དུ་ཕར་ཕྱོགས་སུ་མི་འགྲོ་ན། ཁོ་རྣམས་ལ་ཀ་ན་ཨན་ཡུལ་དུ་ཁྱོད་རྣམས་ཀྱི་ནང་ནས་སྐལ་ཐོབ་པར་འགྱུར། ༣༡ ཡང་གད་དང་རུ་བེན་གྱི་བུ་རྣམས་ཀྱིས་གསོལ་པ། ཡ་ཧོ་ཝཱས་ཁྱེད་ཀྱི་གཡོག་པོ་རྣམས་ལ་གསུངས་པ་དེ་བཞིན་དུ་བྱེད་པར་དགའོ། ༣༢ གོ་ཆ་གོན་ཏེ་ང་ཚོ་ཡ་ཧོ་ཝཱའི་སྔོན་དུ་ཀ་ན་ཨན་ཡུལ་དུ་འགྲོ་ཞིང་། ངེད་ཀྱི་ས་སྐལ་ཡོར་དན་གྱི་ཚུར་ལོགས་སུ་ངེད་ལ་ཡོད་པར་དགོས་སོ༎
༣༣ ཡང་མོ་ཤེས་གད་ཀྱི་བུ་རྣམས་དང་རུ་བེན་གྱི་བུ་རྣམས་དང་། ཡོ་སེབ་ཀྱི་བུ་མ་ན་ཤེའི་སྡེ་ཕྱེད་པོ་ལ་སི་ཧོན་གྱི་རྒྱལ་ཁམས་ཀྱི་ནང་ཨ་མོར་པ་རྣམས་ཀྱི་རྒྱལ་པོ་དང་། ཨོག་བྱ་བའི་རྒྱལ་ཁམས་ན་བཱ་ཤན་གྱི་རྒྱལ་པོའི་ཡུལ་དེ་དང་མཐའ་འཁོར་ཐམས་ཅད་ལ་ཡོད་པའི་གྲོང་ཁྱེར་རྣམས་དང་བཅས་པ་བཏང་ངོ་། ༣༤ ཡང་གད་ཀྱི་བུ་རྣམས་ཀྱིས་དི་བོན་དང་། ཨ་ཐ་རོད་དང་། ཨ་རོ་ཨེར་དང་། ༣༥ ཨད་རོད་ཧོ་ཕན་དང་། ཡ་ཟེར་དང་། ཡོག་བེ་ཧཱ་དང་། ༣༦ བེད་ནིམ་རཱ་དང་། བེད་ཧ་རན་དང་། ལྕགས་རི་ཡོད་པའི་གྲོང་ཁྱེར་རྣམས་དང་། ལུག་གི་ཕྱིར་ལྷས་ར་རྣམས་བརྩིགས་སོ། ༣༧ ཡང་རུ་བེན་གྱི་བུ་རྣམས་ཀྱིས་ཧེས་བོན་དང་། ཨེ་ལེ་ཨ་ལེ་དང་། ཁིར་ཡད་ཨ་ཨིམ་དང་། ༣༨ ནེ་བོ་དང་། བ་ཨཱལ་མེ་ཨོན་དང་། མིང་བསྒྱུར་ཏེ། སིབ་མཱ། བརྩིགས་པའི་གྲོང་ཁྱེར་རྣམས་ལ་མིང་གཞན་མ་བཏགས་སོ། ༣༩ ཡང་མ་ན་ཤེའི་བུ་མ་ཀིར་དེའི་བུ་རྣམས་གིལ་ཨད་དུ་སོང་ནས། དེ་བཟུང་བ་དང་དེའི་ནང་ན་གནས་པའི་ཨ་མོར་པ་རྣམས་བསྐྲད་དོ། ༤༠ མོ་ཤེས་གིལ་ཨད་དེ་མ་ན་ཤེའི་བུ་མ་ཀིར་ལ་བསྟེར་བ་དང་། དེ་ནི་དེའི་ནང་ན་བསྡད་དོ། ༤༡ ཡང་མ་ན་ཤེའི་བུ་ཡ་ཨིར་བྱ་བ་དེ་སོང་ནས་དེའི་གྲོང་ཁྱེར་རྣམས་བཟུང་བ་དང་། དེའི་མིང་ཧ་ཝོད་ཡ་ཨིར་ཞེས་བཏགས་སོ། ༤༢ ཡང་ནོ་བཱ་སོང་ནས་ཁེ་ནད་དང་དེའི་གྲོང་ཚོ་རྣམས་བཟུང་བ་དང་། དེ་ལ་རང་གི་མིང་ནོ་བཱ་བཏགས་སོ༎