༣༡
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་ཞིང་འདི་སྐད་དུ།  ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དོན་དུ་མིད་ཨན་པ་རྣམས་ལ་ལན་འཇལ་བར་བྱོས་ཤིག་དང་། དེའི་རྗེས་ལ་ཁྱོད་ནི་རང་གི་མི་དང་འཛོམ་པར་འགྱུར་གསུངས་ནས།  མོ་ཤེས་མི་སྡེ་ལ། ཁྱོད་ཚོས་རང་གི་ནང་ནས་དམག་གི་ཕྱིར་དམག་ཆས་སྤྲོད་ཅིག་དང་། དེ་དག་གིས་མིད་ཨན་པ་རྣམས་ལ་འཐབ་ནས་ཡ་ཧོ་ཝཱས་མིད་ཨན་ལ་ལན་འཇལ་བའི་ཕྱིར་རོ།  ཁྱེད་ཀྱིས་ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་ཀྱི་ནང་ནས་སྡེ་རེ་རེ་ལས་མི་སྟོང་རེ་རེ་དམག་ལ་གཏོང་ཞིག་གསུངས་པས།  དེ་ལྟར་ཨིས་ར་ཨེལ་གྱི་སྟོང་རྣམས་ཀྱི་ནང་ནས་སྡེ་རེ་ནས་སྟོང་ཞིག་ཟེར་ན། སྟོང་བཅུ་གཉིས་མཚོན་ཆ་དང་ལྡན་པ་དམག་གི་དོན་དུ་བྱུང་ངོ་།  ཡང་མོ་ཤེས་སྡེ་རེ་ནས་སྟོང་ཅིག་དམག་ལ་བཏང་། དེ་དག་དང་བླ་མ་ཨེལ་ཨ་ཟར་གྱི་བུ་ཕི་ནེ་ཧས་དམ་པའི་བཞུགས་གནས་ཀྱི་སྣོད་དང་འུར་སྒྲ་བྱེད་པའི་ཕྱིར་དུང་རྣམས་དང་བཅས་པ་དམག་ལ་བཏང་ངོ་།  ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་མིད་ཨན་ལ་དམག་འཐབ་པ་དང་། ཕོ་ཡོད་པ་ཐམས་ཅད་བསད་དོ།  ཡང་ཨེ་ཝི་དང་། རེ་ཁེམ་དང་། ཙུར་དང་། ཧུར་དང་། རེ་བཱ་ནི་མིད་ཨན་པའི་རྒྱལ་པོ་ལྔ་དང་བཅས་ཚོ་བསད་པ་རྣམས་ཀྱི་ཕྱི་ལུས་དག་ཀྱང་བསད་དོ། བེ་ཨོར་གྱི་བུ་བ་ལ་ཨམ་ཡང་རལ་གྲིས་བསད་དོ།  ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་མིད་ཨན་གྱི་བུད་མེད་དང་དེ་དག་གི་ཕྲུ་གུ་ཆུང་བ་དང་། ཕྱུགས་ཐམས་ཅད་དང་། ཁྱུ་ཐམས་ཅད་དང་། དེ་དག་གི་དངོས་པོ་ཐམས་ཅད་བཅོམ་ནོར་དུ་ཁྱེར་ཏོ། ༡༠ ཡང་དེ་དག་གནས་པའི་གྲོང་ཁྱེར་དང་སྒར་རྣམས་མེས་བསྲེགས་སོ། ༡༡ ཁོ་རྣམས་ཀྱིས་མི་དང་དུད་འགྲོ་བཅོམ་ནས་བཅོམ་ནོར་ཐམས་ཅད་བཟུང་ངོ་། ༡༢ ཡང་ཁོ་རྣམས་ཀྱིས་བཙོན་པ་ཐམས་ཅད་དང་། བཅོམས་པ་གང་ཡོད་པ་ཐམས་ཅད་མོ་ཤེ་དང་བླ་མ་ཨེལ་ཨ་ཟར་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཆོས་ཚོགས་ཚང་མ་ཡོར་དན་གྱི་འགྲམ་ལ་ཡོད་པའི་ཡེ་རི་ཀོ་་མོ་ཨབ་ཀྱི་ཐང་ལ་བཏབ་ཡོད་པའི་སྒར་ལ་དེ་ཚོའི་དྲུང་དུ་འཁྱེར་ཡོངས་སོ༎
༡༣ ཡང་མོ་ཤེ་དང་བླ་མ་ཨེལ་ཨ་ཟར་དང་ཆོས་ཚོགས་ཀྱི་འགོ་པ་རྣམས་ཕེབས་ཏེ། སྒར་གྱི་ཕྱི་རོལ་ཏུ་དེ་དག་བསུ་བར་སོང་། ༡༤ ཡང་མོ་ཤེ་ནི་དམག་གི་དཔོན་པོ་ཟེར་ན། དམག་གི་དཔོན་པོའི་ལས་བྱས་པའི་སྟོང་དཔོན་དང་བརྒྱ་དཔོན་རྣམས་ལ་ཁྲོས་སོ། ༡༥ མོ་ཤེས་ཁོ་རྣམས་ལ་སྨྲས་པ། ཁྱོད་ཅག་གིས་བུད་མེད་དེ་ཐམས་ཅད་གསོན་བཅུག་གམ། ༡༦ ལྟོས་ཤིག བ་ལ་ཨམ་གྱི་གྲོས་བཞིན། དེ་དག་ཨིས་ར་ཨེལ་གྱི་བུ་རྣམས་ཕེ་ཨོར་གྱི་སྐོར་ལ་ཡ་ཧོ་ཝཱ་ལ་སྡིག་པ་བྱས་པའི་རྐྱེན་གྱིས་ཡ་ཧོ་ཝཱའི་ཆོས་ཚོགས་ཀྱི་ནང་ན་གཉན་ནད་བྱུང་ངོ་། ༡༧ དེའི་ཕྱིར་ད་ཕྲུ་གུ་ཆུང་བ་རྣམས་ཀྱི་ནང་ཕོ་ཡོད་པ་དང་། སྐྱེས་པ་དང་འཛོམས་ཡོད་པར་ཤེས་པའི་བུད་མེད་རེ་རེ་གསོད་ཅིག ༡༨ འོན་ཀྱང་སྐྱེས་པ་དང་མ་འཛོམས་པའི་མོ་ཡོད་པའི་ཕྲུ་གུ་དེ་དག་མ་བསད་དེ་རང་གི་དོན་དུ་གསོན་ཆུག་ཅིག ༡༩ ཡང་སྒར་གྱི་ཕྱི་རོལ་ཏུ་ཞག་བདུན་སྡོད་ཅིག་དང་། སུས་ཀྱང་མི་ཞིག་བསད་པའམ། བསད་ཡོད་པ་ཞིག་རེག་པ་དེས་ཞག་གསུམ་དང་ཞག་བདུན་པ་ལ་རང་དང་རང་གི་བཙོན་རྣམས་གཙང་བར་བྱེད་དགོས། ༢༠ ཡང་གོས་ལ་བལྟས་ཏེ་གོས་རེ་དང་། པགས་པ་ནས་བྱས་པ་དང་། རལ་ལས་བྱས་པ་ཐམས་ཅད་དང་། ཤིང་ནས་བྱས་པ་ཐམས་ཅད་ཁྱེད་ཚོས་གཙང་བ་བྱེད་པར་བྱའོ༎
༢༡ ཡང་བླ་མ་ཨེལ་ཨ་ཟར་གྱིས་དམག་ལ་སོང་བའི་དམག་མི་རྣམས་ལ་སྨྲས་པ། ཡ་ཧོ་ཝཱས་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་བཞིན་དུ་བཀའ་ནི། ༢༢ གསེར་དང་། དངུལ་དང་རག་དང་ལྕགས་དང་ཞ་དཀར་དང་ཞ་ཉེ་དང་། ༢༣ མེ་ནང་ལུས་ཐུབ་པ་རེ་རེ་ཁྱེད་ཀྱིས་མེ་རུ་བཅུག་ཅིང་གཙང་བ་བྱེད་པར་དགོས། ཡིན་ཀྱང་དམ་པར་བྱེད་པའི་ཆུ་ནི་དེ་ལ་ཡང་གཏོར་དགོས་པ་དང་། མེ་ནང་མི་ལུས་པ་དེ་ཆུ་རུ་འཇུག་པར་བྱའོ། ༢༤ ཡང་ཞག་བདུན་པ་ལ་ཁྱེད་ཚོས་རང་གི་གོས་རྣམས་བཀྲུས་ནས་གཙང་བར་འགྱུར་བས། དེའི་རྗེས་སུ་སྒར་དུ་ཡོང་ཆོག་གོ།
༢༥ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ། ༢༦ ཁྱོད་དང་བླ་མ་ཨེལ་ཨ་ཟར་དང་ཆོས་ཚོགས་ཀྱི་ཁང་པ་རྣམས་ཀྱི་འགོ་པ་རྣམས་ཀྱིས་དམག་ནང་བཟུང་བའི་མི་དང་དུད་འགྲོའི་གྲངས་རྩིས་ཤིག་དང་། ༢༧ དམག་འཐབ་པ་ལ་སོང་མཁན་རྩལ་ཅན་རྣམས་དང་ཆོས་ཚོགས་ཐམས་ཅད་ཀྱི་བར་ལ་བཅོམ་ནོར་ཁག་གཉིས་སུ་བགོས་ཤིག་དང་། ༢༨ དམག་འཐབ་པ་ལ་སོང་བའི་དམག་མི་རྣམས་ནས་ཡ་ཧོ་ཝཱ་ལ་འབུལ་བའི་དཔྱ་ཁྲལ་ཞིག་ལོན་ལ། མི་དང་བ་གླང་དང་བོང་བུ་དང་ར་ལུག་ལྔ་བརྒྱ་ལྔ་བརྒྱའི་ནང་ནས་སེམས་གཅིག་ལེན་པར་བྱོས་ཤིག ༢༩ དེ་ཚོའི་ཕྱེད་ཁ་ནས་ཡ་ཧོ་ཝཱའི་སྤར་བའི་མཆོད་པའི་དོན་དུ་བླངས་ཏེ། བླ་མ་ཨེལ་ཨ་ཟར་ལ་ཐོང་ཞིག ༣༠ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱེད་ཁ་མི་དང་བ་གླང་དང་བོང་བུ་དང་ར་ལུག་ལྔ་བཅུ་ལྔ་བཅུ་ནས་གཅིག་བླངས་ནས། ཡ་ཧོ་ཝཱའི་འདུན་མའི་གུར་མཆོག་གི་ལས་ཀ་བྱེད་པའི་ལེ་ཝི་པ་རྣམས་ལ་སྟེར་ཞིག ༣༡ ཡང་མོ་ཤེ་དང་བླ་མ་ཨེལ་ཨ་ཟར་གྱིས་ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་བྱས་སོ༎
༣༢ ད་དམག་མི་རྣམས་ཀྱིས་བཟུང་བའི་བཅོམ་ནོར་འབུམ་ཚོ་དྲུག་དང་སྟོང་བདུན་ཅུ་དོན་ལྔ་ལུག་དང་། ༣༣ སྟོང་བདུན་ཅུ་དོན་གཉིས་བ་གླང་དང་། ༣༤ སྟོང་དྲུག་ཅུ་རེ་གཅིག་བོང་བུ་དང་། ༣༥ སྐྱེས་པ་དང་ཉལ་མ་ཤེས་པའི་བུ་མོ་རྣམས་སྟོང་སུམ་ཅུ་སོ་གཉིས་སོ། ༣༦ ཡང་དམག་ལ་སོང་བ་རྣམས་ཀྱི་ཕྱེད་ཁ་དེ་དག་གི་བགོ་སྐལ་ཡིན་པ་ནི་འབུམ་ཚོ་གསུམ་དང་སྟོང་སུམ་ཅུ་སོ་བདུན་དང་ལྔ་བརྒྱ་ལུག་དང་། ༣༧ ལུག་དེ་རྣམས་ནས་ཡ་ཧོ་ཝཱ་ལ་དྲུག་བརྒྱ་དང་བདུན་ཅུ་དོན་ལྔ། ༣༨ ཡང་བ་གླང་ནི་སྟོང་དྲུག་ཅུ་རེ་དྲུག དེ་དག་ལས་ཡ་ཧོ་ཝཱ་ལ་བདུན་ཅུ་དོན་གཉིས། ༣༩ ཡང་བོང་བུ་ནི་སྟོང་སུམ་ཅུ་དང་ལྔ་བརྒྱ། དེ་དག་ལས་ཡ་ཧོ་ཝཱ་ལ་དྲུག་ཅུ་རེ་གཅིག ༤༠ ཡང་བུ་མོ་ནི་སྟོང་བཅུ་དྲུག དེ་དག་ལས་ཡ་ཧོ་ཝཱ་ལ་སུམ་ཅུ་སོ་གཉིས་སོ། ༤༡ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་མོ་ཤེས་ཡ་ཧོ་ཝཱའི་སྤར་བའི་མཆོད་པ་ནི་བླ་མ་ཨེལ་ཨ་ཟར་ལ་བཏང་ངོ་༎
༤༢ ཡང་མོ་ཤེས་དམག་འཐབ་པ་རྣམས་ནས་ཨིས་ར་ཨེལ་གྱི་བུ་རྣམས་ལ་བགོ་བཤའ་བྱས་པའི་ཕྱེད་ཁ་ཟེར་ན། ༤༣ ཨིས་ར་ཨེལ་གྱི་ཆོས་ཚོགས་ཀྱི་ཕྱེད་ཁ་དེ་ནི་ཡང་འབུམ་གསུམ་དང་སྟོང་སུམ་ཅུ་སོ་བདུན་དང་ལྔ་བརྒྱ་ལུག ༤༤ སྟོང་སུམ་ཅུ་སོ་དྲུག་བ་གླང་། ༤༥ སྟོང་སུམ་ཅུ་དང་ལྔ་བརྒྱ་བོང་བུ། ༤༦ མིའི་སེམས་ནི་སྟོང་བཅུ་དྲུག་གོ། ༤༧ ཨིས་ར་ཨེལ་གྱི་ཕྱེད་ཁ་དེ་ལས་ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་མོ་ཤེས་ལྔ་བཅུ་ལྔ་བཅུ་ནས་གཅིག་བླངས་ནས། ཡ་ཧོ་ཝཱའི་འདུན་མའི་གུར་མཆོག་གི་ལས་ཀ་བྱེད་པའི་ལེ་ཝི་པ་རྣམས་ལ་བསྟེར་རོ༎
༤༨ ཡང་དམག་གི་སྟོང་རྣམས་ཀྱི་དཔོན་པོ་ཟེར་ན། སྟོང་དཔོན་དང་བརྒྱ་དཔོན་རྣམས་མོ་ཤེའི་རྩར་བྱུང་ནས། ༤༩ མོ་ཤེ་ལ་སྨྲས་པ། ཁྱེད་ཀྱི་གཡོག་པོ་ཞེ་ན་ངེད་རྣམས་ཀྱི་ཁག་ལ་ཡོད་པའི་དམག་མིའི་སྡོམ་བརྩིས་ནས། མི་གཅིག་ཀྱང་མ་ཚང་བ་མེད། ༥༠ ཡང་ང་ཚོ་མི་རེ་རེ་ལ་ཐོབ་པའི་གསེར་གྱི་རྒྱན་ཆ། རྐང་གདུབ། ལག་གདུབ། སོར་གདུབ། སྙན་རྒྱན། ཕྱག་རྒྱན་ཡ་ཧོ་ཝཱ་ལ་འབུལ་བ་དང་། ངེད་ཀྱི་སེམས་ཀྱི་དོན་དུ་ཡ་ཧོ་ཝཱའི་དྲུང་དུ་སྡིག་བཤགས་བྱེད་པའི་ཕྱིར་འཁྱེར་འོངས་སོ། ༥༡ ཡང་མོ་ཤེ་དང་ཨེལ་ཨ་ཟར་གྱིས་ཁོ་རྣམས་ནས་གསེར་གྱི་རྒྱན་ཆ་ཐམས་ཅད་བླངས་སོ། ༥༢ ཡང་སྟོང་དཔོན་དང་བརྒྱ་དཔོན་རྣམས་ནས་ཐོབ་པ་དེ་ནི་ཡ་ཧོ་ཝཱ་ལ་ཕུལ་བའི་སྤར་བའི་མཆོད་པའི་གསེར་ནི་ཤེ་ཀེལ་སྟོང་བཅུ་དྲུག་བདུན་བརྒྱ་དང་ལྔ་བཅུ་ཡོད་པ་ཡིན། ༥༣ གང་ལ་ཟེར་ན། དམག་མི་རྣམས་ཀྱིས་རང་རང་གི་ཕྱིར་བཅོམ་ནོར་བླངས་པའི་ཕྱིར་རོ། ༥༤ ཡང་མོ་ཤེ་དང་བླ་མ་ཨེལ་ཨ་ཟར་གྱིས་སྟོང་དཔོན་དང་བརྒྱ་དཔོན་རྣམས་ནས་བརྙེད་པའི་གསེར་དེ་བླངས་ཏེ། ཨིས་ར་ཨེལ་གྱི་བུ་རྣམས་ལ་མི་བརྗེད་པའི་རྟགས་ཤིག་ཡིན་པའི་དོན་དུ་འདུན་མའི་གུར་མཆོག་ན་ཡ་ཧོ་ཝཱའི་དྲུང་དུ་བཞག་གོ།