༣༠
ཡང་མོ་ཤེས་ཨིས་ར་ཨེལ་གྱི་བུ་ཚོའི་འགོ་པ་རྣམས་ལ་སྨྲས་པ། ཡ་ཧོ་ཝཱས་བཀའ་གནང་བ་ནི་འདི་ཡིན། ༢ མི་ཞིག་གིས་ཡ་ཧོ་ཝཱ་ལ་དམ་བཅའ་བྱེད་པའམ། མནའ་ཞིག་སྐྱེལ་ཞིང་རང་གི་སེམས་སྡོམ་པ་ཞིག་གིས་བསྡམས་ནས། རང་གི་དམ་ཚིག་གཅོག་པར་མི་དགོས། རང་གི་ཁའི་ནང་ནས་བྱུང་བ་ཐམས་ཅད་སྲུང་བར་དགོས་སོ། ༣ དེ་བཞིན་དུ་ཡང་བུད་མེད་ན་ཆུང་མ་རང་གི་ཨ་ཕའི་ཁང་པ་ལ་ཡོད་པ་ཞིག་གིས་ཡ་ཧོ་ཝཱ་ལ་དམ་བཅའ་བྱེད་པའི་དུས་སུ་སྡོམ་པ་ཞིག་གིས་བསྡམས་ཏེ། ༤ ཨ་ཕས་དེའི་དམ་ཚིག་ཐོས་ཀྱང་། གང་ཡང་མི་ཟེར་ན། དེ་ནས་མོས་རང་བསྡམས་པའི་དམ་ཚིག་ཐམས་ཅད་སྲུང་ཞིང་བརྟན་པོར་རྩི་དགོས། ༥ འོན་ཀྱང་ཨ་ཕས་དེ་ཐོས་པའི་ཞག་ལ་བུ་མོ་ལ་མ་གནང་ན། དེ་ནས་མོའི་དམ་ཚིག་གམ། རང་གི་སེམས་བསྡམས་པའི་སྡོམ་པ་ནི་བརྟན་པོ་རྩི་བར་མི་དགོས། ཕས་མ་གནང་བའི་ཕྱིར་ཡ་ཧོ་ཝཱས་མོ་ལ་བཤགས་པ་མཛད་པར་འགྱུར། ༦ ཡང་མོས་དམ་བཅའ་རྣམས་མ་བསྒྲུབ་པར་ཡོད་ན། ཡང་ན་མོས་རང་གི་སེམས་བསྡམས་པའི་དམ་ཚིག་ཁ་ལྤགས་ནས་མགྱོགས་པར་བཏོན་པའི་དུས་སུ་བག་མར་སོང་ཡོད་དེ། ༧ དེའི་ཁྱོས་དེ་ཐོས་ཀྱང་། ཐོས་པའི་ཞག་ལ་མོ་ལ་ཅི་ཡང་མ་ཟེར་པ་ཡིན་ན། དེ་ནས་དེའི་དམ་ཚིག་རྣམས་བརྟན་པར་རྩི་བ་དང་། རང་གི་སེམས་བསྡམས་པའི་སྡོམ་པ་རྣམས་བརྟན་པར་གནས་པར་བྱའོ། ༨ ཇི་སྟེ་མོའི་ཁྱོས་དེ་ཐོས་པའི་ཞག་ལ་དེ་ལ་མ་གནང་ན། དེ་ནས་དེའི་ཁར་ཡོད་པའི་དམ་ཚིག་དང་། རང་གི་སེམས་བསྡམས་པའི་སྡོམ་པའི་ནང་ནས་མགྱོགས་པར་བཏོན་པ་དེ་དོན་མེད་བྱས་པས། ཡ་ཧོ་ཝཱས་མོ་ལ་བཤགས་པ་གནང་བར་འགྱུར་རོ། ༩ འོན་ཀྱང་མོ་རང་མོའམ། ཡང་ན་ཁྱོ་དང་ཕྲལ་བ་ཞིག་གིས་རང་གི་སེམས་བསྡམས་པའི་དམ་ཚིག་ཐམས་ཅད་དེས་སྒྲུབ་པར་བྱའོ། ༡༠ ཡང་དེས་ནི་རང་གི་ཁྱོའི་ཁང་པ་ལ་ཡོད་པའི་དུས་སུ་དམ་བཅའ་བྱས་པ་ཡིན་ན། ཡང་ན་མནའ་སྐྱེལ་ཞིང་རང་གི་སེམས་སྡོམ་པ་ཞིག་གིས་བསྡམས་ཏེ། ༡༡ དེའི་ཁྱོས་ཐོས་ཀྱང་། གང་ཡང་དེ་ལ་མ་ཟེར་ཏེ་མ་བཀག་པ་ཡིན་ན། དེ་ནས་དེའི་དམ་ཚིག་ཐམས་ཅད་བརྟན་པར་རྩི་བ་དང་། རང་གི་སེམས་བསྡམས་པའི་སྡོམ་པ་རེ་རེ་བརྟན་པར་རྩི་བར་བྱའོ། ༡༢ ཇི་སྟེ་མོའི་ཁྱོས་དེ་རྣམས་ཐོས་པའི་ཞག་ལ་བཅག་ན། དེ་ནས་དམ་བཅའ་ལ་རྟེན་ཏེ་མོའི་ཁའི་ནང་ནས་གང་བཏོན་པའམ། དེའི་སེམས་ཀྱི་སྡོམ་པ་ལ་རྟེན་ཏེ་བརྟན་པར་རྩི་བར་མི་བྱ། ཁྱོས་ནི་དེ་བཅག་པས། ཡ་ཧོ་ཝཱས་བུད་མེད་ལ་བཤགས་པ་གནང་བར་འགྱུར་རོ། ༡༣ དམ་ཚིག་རེ་རེ་དང་། སེམས་སྡུག་སྟེར་བའི་མནའ་རེ་རེ་ཁྱོས་བརྟན་པར་བྱེད་པ་དང་གཅོག་པ་ཆོག་གོ། ༡༤ འོན་ཀྱང་མོའི་ཁྱོས་ཞག་དང་ཞག་དེ་ལ་གང་ཡང་མ་ཟེར་པ་ཡིན་ན། དེ་ནས་ཁོས་དེའི་སྟེང་དུ་གནས་པའི་དམ་བཅའ་ཐམས་ཅད་དམ། སྡོམ་པ་ཐམས་ཅད་བརྟན་པར་བྱས། ཁོས་དེ་རྣམས་ཐོས་པའི་ཞག་ལ་དེ་ལ་གང་ཡང་མ་ཟེར་པས། དེ་རྣམས་བརྟན་པར་གྱུར་པའི་ཕྱིར་རོ། ༡༥ ཇི་སྟེ་ཁོས་ནི་དེ་རྣམས་ཐོས་པའི་རྗེས་ལ་གཅོག་ན། དེ་ནས་དེས་མོའི་ཉེས་པ་འཁུར་བར་འགྱུར།༡༦ འདི་རྣམས་ནི་ཡ་ཧོ་ཝཱས་མོ་ཤེ་ལ་ཁྱོ་དང་ཁྱོ་མོ་དང་། ཕ་དང་བུ་མོ་དང་བུ་མོ་རང་གི་ཕའི་ཁང་པ་ལ་གཞོན་ནུ་མར་སྡོད་དུས་ཕྱིར་གནང་བའི་བཀའ་ཁྲིམས་དེ་རྣམས་ཡིན་ནོ༎