ལེ་ཝིའི་ཚུལ་ཁྲིམས་སམ་མོ་ཤེའི་མདོ་གསུམ་པ་བྱ་བ།
༡
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདུན་མའི་གུར་མཆོག་གི་ནང་ནས་བོས་ཏེ་དེ་ལ། ༢ ཨིས་ར་ཨེལ་གྱི་བུ་རྣམས་ལ་གཏམ་འདི་སྨྲོས་ཤིག ཁྱེད་ཀྱི་ནང་ནས་མི་སུས་ཀྱང་ཡ་ཧོ་ཝཱ་ལ་འབུལ་བ་ཞིག་འབུལ་བར་དགའ་ན། ཁྱེད་ཀྱི་འབུལ་བ་དེ་དུད་འགྲོའམ་ལུག་ཕྱུགས་དང་བ་ཁྱུ་ལས་འབུལ་བར་དགོས་སོ༎༣ སྦྱིན་སྲེག་གི་ཕྱིར་ཕུལ་བའི་འབུལ་བ་དེ་ནི་བ་ཁྱུ་ལས་ཡིན་ན། ཡ་ཧོ་ཝཱའི་གཟིགས་ངོར་ཐུགས་ལ་འབྱོན་པའི་ཕྱིར་ཕོ་སྐྱོན་མེད་པ་ཞིག་འདུན་མའི་གུར་མཆོག་གི་སྒོའི་དྲུང་དུ་འབུལ་བར་དགོས། ༤ ཡང་དེས་རང་གི་ལག་པ་སྦྱིན་སྲེག་གི་དུད་འགྲོའི་མགོ་ལ་བཞོག་ཅིག གཟིགས་ངོ་དང་དེ་ནས་སྡིག་སེལ་ཐོབ་པའི་ཕྱིར་ཁོང་གི་ཐུགས་ལ་འབྱོན་པར་འགྱུར་རོ། ༥ དེ་ནས་དེས་ཡ་ཧོ་ཝཱའི་དྲུང་དུ་གླང་དེ་བསད་ནས་ཨ་རོན་གྱི་བུ་བླ་མ་བྱེད་པ་རྣམས་ཀྱིས་ཁྲག་འཁྱེར་འོང་ཞིང་འདུན་མའི་གུར་མཆོག་གི་སྒོའི་རྩར་ཡོད་པའི་མཆོད་ཁྲིའི་ཕྱོགས་བཞིར་ཁྲག་དེས་གཡོག་པར་བྱའོ། ༦ ཡང་སྦྱིན་སྲེག་གི་པགས་པ་ཤུས་ནས་དེའི་ཤ་ལྷུ་ལྷུ་རུ་བགོ་དགོས། ༧ ཡང་བླ་མ་ཨ་རོན་གྱི་བུ་རྣམས་ཀྱིས་མཆོད་ཁྲིའི་ཁར་མེ་སྤར་བ་དང་མེ་ལ་ཤིང་སྒྲིག་པར་དགོས། ༨ ཡང་ཨ་རོན་གྱི་བུ་བླ་མ་བྱེད་པ་རྣམས་ཀྱིས་ཆ་ཤས་དེ་དག་མགོ་དང་ཚིལ་བཅས་པ་མཆོད་ཁྲིའི་ཁར་ཡོད་པའི་མེ་ལ་བསྒྲིགས་པའི་ཤིང་གི་སྟེང་དུ་གྲལ་དུ་བཞག་པ་དང་། ༩ ནང་ཆ་དང་རྐང་ལག་ཆུས་ཁྲུས་ནས་བླ་མས་ཐམས་ཅད་མཆོད་ཁྲིའི་ཁར་མེ་མཉམ་ཕུལ་བའི་སྦྱིན་སྲེག་ཡ་ཧོ་ཝཱའི་ཕྱིར་དྲི་ཞིམ་གྱི་མཆོད་པར་འབུལ་དགོས་སོ༎
༡༠ གལ་ཏེ་འབུལ་བ་དེ་ལུག་གམ་ར་ཁྱུ་ལས་སྦྱིན་སྲེག་ཏུ་འབུལ་བར་དགའ་ན་ཕོ་སྐྱོན་མེད་པ་ཞིག་འབུལ་བར་དགོས། ༡༡ ཡང་མཆོད་ཁྲིའི་ལོགས་སུ་དེའི་བྱང་ཕྱོགས་སུ་ཡ་ཧོ་ཝཱའི་ཞལ་ངོར་བསད་ནས་ཨ་རོན་གྱི་བུ་བླ་མ་བྱེད་པ་རྣམས་ཀྱིས་དེའི་ཁྲག་མཆོད་ཁྲིའི་ཕྱོགས་བཞིར་གཡོག་པར་དགོས། ༡༢ ཡང་ལྷུ་ལྷུ་རུ་བགོ་ཞིང་མགོ་དང་ཚིལ་ཡང་མཉམ་པོ་བཞག་ནས་བླ་མས་མཆོད་ཁྲིའི་ཁར་ཡོད་པའི་མེ་ལ་བསྒྲིགས་པའི་ཤིང་གི་སྟེང་དུ་གྲལ་དུ་བཞག་པར་བྱ། ༡༣ ནང་ཆ་དང་རྐང་ལག་ཆུས་འཁྲུད་དགོས། བླ་མས་དེ་ཐམས་ཅད་འབུལ་ཞིང་མཆོད་ཁྲིའི་ཁར་སྲེག་པར་བྱ། དེ་ནི་སྦྱིན་སྲེག་ཅིག་ཡིན་ཏེ་མེའི་སྒོ་ནས་ཡ་ཧོ་ཝཱ་ལ་དྲི་ཞིམ་གྱི་མཆོད་པ་འབུལ་བ་ཞིག་གོ།
༡༤ ཡང་གལ་ཏེ་འདབ་ཆགས་ལས་ཡ་ཧོ་ཝཱའི་ཕྱིར་འབུལ་བྱའི་སྦྱིན་སྲེག་ཡོད་ན། ཐི་བའམ་ཕུག་རོན་གྱི་ཕྲུ་གུ་རྣམས་ལས་མཆོད་པར་འབུལ་ཞིང་། ༡༥ བླ་མས་དེ་དག་མཆོད་ཁྲིའི་རྩར་འཁྱེར་འོངས་ནས་དེའི་སྐེ་གཅུད་ཅིང་མགོ་དང་མཉམ་དུ་མཆོད་ཁྲི་ལ་སྦར་བར་བྱ། ཁྲག་ནི་མཆོད་ཁྲིའི་ལོགས་ལ་འཚིར་བར་དགོས། ༡༦ དེའི་ཨོག་སོག་དང་དྲི་མ་སོ་སོར་བཞག་ནས་མཆོད་ཁྲི་དང་ཉེ་མོ་ཤར་ཕྱོགས་སུ་ཡོད་པའི་གོག་གླིང་ནང་དབྱུག་དགོས། ༡༧ ཡང་གཤོག་པ་གཉིས་བཤག་པར་བྱེད་ཀྱང་དུམ་བུར་པད་མ་བགོས་ཏེ་བླ་མས་མཆོད་ཁྲི་ལ་ཡོད་པའི་མེ་རུ་བསྒྲིགས་པའི་ཤིང་གི་སྟེང་དུ་སྦར་ཏེ་མེས་ཕུལ་བའི་སྦྱིན་སྲེག་དེ་ནི་ཡ་ཧོ་ཝཱ་ལ་མེ་ཡིས་འབུལ་བའི་དྲི་ཞིམ་གྱི་མཆོད་པ་ཞིག་ཡིན་ནོ༎