འཐེགས་པའམ་མོ་ཤེའི་མདོ་གཉིས་པ་བྱ་བ།
རང་རང་གི་ནང་ཚང་དང་བཅས་སུ་ཡ་ཀོབ་མཉམ་མི་སེར་ཡུལ་དུ་འོངས་པའི་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མིང་རྣམས་ནི།  རུ་བེན་དང་། ཤིམ་ཨོན་དང་། ལེ་ཝི་དང་། ཡ་ཧུ་དཱ་དང་།  ཨི་ས་གར་དང་། ཟེ་བུ་ལོན་དང་། བེན་ཡ་མིན་དང་།  དཱན་དང་། ནབ་ཐ་ལི་དང་། གད་དང་། ཨ་ཤེར་རོ།  ཡ་ཀོབ་ཀྱི་དཔྱི་ནས་བྱུང་བའི་སེམས་ཐམས་ཅད་ཀྱི་གྲངས་ནི་སེམས་བདུན་ཅུ་ཡིན་ཏེ། ཡོ་སེབ་སྔོན་ལ་མི་སེར་ཡུལ་དུ་ཡོད་པ་ཡིན།  ཡོ་སེབ་དང་དེའི་སྤུན་ཐམས་ཅད་དང་མི་རབས་དེ་ཐམས་ཅད་ཤིའོ།  ཨིས་ར་ཨེལ་གྱི་བུ་རྣམས་བརྒྱུད་རྒྱས་ནས་མང་པོ་འཕེལ་བ་ལས། ཧ་ཅང་དབང་ཆེ་བར་གྱུར་ཏེ། དེ་དག་ཡུལ་ནང་གང་ངོ་༎
 དེ་ནས་ཡོ་སེབ་ཀྱི་རྒྱུས་མེད་པའི་རྒྱལ་པོ་གསར་པ་ཞིག་མི་སེར་ཡུལ་དུ་བྱུང་ནས།  དེས་རང་གི་མི་བརྒྱུད་ལ་སྨྲས་པ། ལྟོས་ཤིག་ངེད་རྣམས་ལས་ཨིས་ར་ཨེལ་གྱི་བུ་རྣམས་ནི་དཔུང་དང་དབང་ཆེ་བའི་མི་བརྒྱུད་དུ་སོང་བས། ༡༠ དེ་དག་ད་ལྟ་ནས་མི་འཕེལ་བ་དང་། དམག་གི་སྐབས་ལ་དེ་དག་གིས་ཀྱང་ངེད་ཀྱི་དགྲ་བོའི་ཕྱོགས་བྱེད་དེ། ངེད་རྣམས་ལ་དམག་དྲངས་ནས། དེ་དག་ཡུལ་གྱི་ནང་ནས་འཐོན་མི་འགྲོ་བའི་ཕྱིར། ངེད་ཀྱིས་དེ་དག་ལ་མཁས་བས་ཐབས་བྱེད་དགོས་སྨྲས་པས། ༡༡ དེ་དག་ཁྲལ་གྱིས་ནོན་པའི་ཕྱིར་དེ་རྣམས་ཀྱི་ཐོག་ཏུ་ཁྲལ་དཔོན་རྣམས་བཞག་གོ། དེ་དག་གིས་ཕར་ཨོ་ཡི་ཕྱིར་ཕི་ཐོམ་དང་ར་ཨེམ་སེས་བྱ་བའི་བང་མཛོད་ཀྱི་གྲོང་ཁྱེར་གཉིས་བཟོས་སོ། ༡༢ འོན་ཀྱང་དེ་དག་ཇི་ཙམ་མནན་པ་དེ་ཙམ་མང་པོ་འཕེལ་ཞིང་མཐའ་རྒྱས་པར་གྱུར་པས། ཁོ་རྣམས་ནི་ཨིས་ར་ཨེལ་གྱི་བུ་རྣམས་ལ་འཇིགས་སོ། ༡༣ དེའི་ཕྱིར་མི་སེར་པ་རྣམས་ཀྱིས་ཨིས་ར་ཨེལ་གྱི་བུ་རྣམས་དྲག་པོ་བྱས་ཏེ་བྲན་དུ་བཀོལ་ཏེ། ༡༤ རྫ་ས་དང་པག་གུ་བྱེད་པའི་ཁྲལ་ལྕི་བ་དང་། ཁྲལ་སོ་སོ་ཡིས་དེ་དག་མནན། ཞིང་གི་ལས་སྣ་ཚོགས་ཀྱིས་དེ་དག་སྡུག་ལ་སྦྱར་རོ༎
༡༥ ཡང་མི་སེར་ཡུལ་གྱི་རྒྱལ་པོས་ཨིབ་རི་པའི་པང་གཡོག་མ་ཤིབ་རཱ་དང་ཕུ་ཨ་བྱ་བ་གཉིས་ལ་འདི་སྐད་དུ། ༡༦ ཁྱོད་ཅག་གིས་ཨིབ་རི་པའི་བུད་མེད་རྣམས་ཀྱི་པང་གཡོག་བྱེད་པའི་སྐབས་སུ་དེ་ཚོའི་ཕོ་སྟེགས་ལ་བལྟས་ནས། གལ་ཏེ་བུ་ཕོ་ཡིན་ན་གསོད་ཅིག ཇི་སྟེ་བུ་མོ་ཡིན་ན་འཚོ་བས་ཆོག་ཅེས་སྨྲས་སོ། ༡༧ འོན་ཀྱང་པང་གཡོག་མ་རྣམས་དཀོན་མཆོག་ལ་འཇིགས་པས། མི་སེར་ཡུལ་གྱི་རྒྱལ་པོས་ཁོ་རྣམས་ལ་སྨྲས་པའི་བཀའ་བཞིན་དུ་མ་བྱས་ཏེ་བུ་ཕོ་རྣམས་ཀྱི་སྲོག་སྐྱབས་སོ། ༡༨ མི་སེར་ཡུལ་གྱི་རྒྱལ་པོས་པང་གཡོག་མ་རྣམས་བོས་ཏེ་དེ་དག་ལ། ཁྱེད་བུ་ཕོ་རྣམས་ཀྱི་སྲོག་སྐྱབས་ཏེ། དེ་ལྟར་ཅི་ལ་བྱས་པ་ཡིན་སྨྲས། ༡༩ དེའི་ལན་དུ་པང་གཡོག་མ་རྣམས་ཀྱིས་ཕར་ཨོ་ལ། མི་སེར་པའི་བུད་མེད་རྣམས་ལྟར་ཨིབ་རི་པའི་བུད་མེད་རྣམས་མ་ཡིན། དེ་དག་གི་ལུས་སྟོབས་ཆེ་བས། པང་གཡོག་མ་མ་སླེབས་གོང་དུ་དེ་དག་ལ་སྐྱེ་ཚར་འདུག་ཞུས་སོ། ༢༠ དཀོན་མཆོག་གིས་པང་གཡོག་མ་རྣམས་ལ་བཀའ་དྲིན་མཛད་དོ། མི་བརྒྱུད་ཡང་འཕེལ་ཞིང་ཤིན་ཏུ་དབང་ཅན་གྱུར་ཏོ། ༢༡ པང་གཡོག་མ་རྣམས་དཀོན་མཆོག་ལ་འཇིགས་པས། ཁོང་གིས་དེ་དག་ལ་ཁང་པ་རྣམས་ཚུགས་པར་མཛད་དོ། ༢༢ དེའི་རྗེས་ལ་ཕར་ཨོས་རང་གི་མི་བརྒྱུད་ཚང་མ་ལ། ད་བུ་ཕོ་སྐྱེས་པ་ཚང་མ་གཙང་པོ་ལ་དབྱུགས་ཤིག ཡང་བུ་མོ་རྣམས་འཚོ་རུ་ཆུག་ཅིག་བཀའ་གནང་ངོ་༎