འགོད་པའམ་མོ་ཤེའི་མདོ་དང་པོ་བྱ་བ།
ཐོག་མར་དཀོན་མཆོག་གིས་ནམ་མཁའ་དང་ས་བཀོད་དོ།  ཡང་ས་ནི་སྟོངས་ཤིང་སྟོང་པར་གྱུར་ཏེ། ཡང་དོང་གི་སྟེང་དུ་མུན་པའི་སྨག་རུམ་ཡོད་པ་དང་། དཀོན་མཆོག་གི་ཐུགས་ཉིད་ཆུ་རྣམས་ཀྱི་སྟེང་དུ་ལྡིང་བ་ཡིན།
 ཡང་དཀོན་མཆོག་གིས་འོད་བྱུང་ཞིག་ཅེས་གསུངས་པ་དང་། འོད་བྱུང་ངོ་།  དཀོན་མཆོག་གིས་འོད་ལེགས་པ་ཡིན་པར་གཟིགས་ཏེ། མུན་པ་ལས་འོད་ཕྱེས་སོ།  དཀོན་མཆོག་གིས་འོད་ཀྱི་མིང་ལ་ཉིན་མོ་ཞེས་བཏགས། མུན་པའི་མིང་ལ་མཚན་མོ་བཏགས་པར་མཛད་དོ། ནུབ་མོ་དང་ནང་མོ་བྱུང་ནས་ཞག་དང་པོའོ༎
 ཡང་དཀོན་མཆོག་གིས་འདི་སྐད་དུ། ཆུ་རྣམས་དང་ཆུ་རྣམས་སོ་སོར་བྱེད་དུ་ཆུ་རྣམས་ཀྱི་དཀྱིལ་ན་དབྱིངས་ཤིག་བྱུང་ཞིག་ཅེས་གསུངས་སོ།  དཀོན་མཆོག་གིས་དབྱིངས་མཛད་དེ། དབྱིངས་ཀྱི་འོག་ན་ཡོད་པའི་ཆུ་རྣམས་དབྱིངས་ཀྱི་གོང་ལ་ཡོད་པའི་ཆུ་རྣམས་ལས་ཕྱེས་ནས། དེ་བཞིན་དུ་བྱུང་ངོ་།  དཀོན་མཆོག་གིས་དབྱིངས་ཀྱི་མིང་ལ་ནམ་མཁའ་བཏགས་སོ། ནུབ་མོ་དང་ནང་མོ་བྱུང་ནས་ཞག་གཉིས་པའོ༎
 ཡང་དཀོན་མཆོག་གིས་འདི་སྐད་དུ། སྐམ་ས་མཐོང་བའི་ཕྱིར། ནམ་མཁའི་འོག་ན་ཡོད་པའི་ཆུ་རྣམས་གནས་གཅིག་ཏུ་འདུས་ཤིག་ཅེས་གསུངས་ནས། དེ་བཞིན་དུ་བྱུང་ངོ་། ༡༠ དཀོན་མཆོག་གིས་སྐམ་ས་ལ་ས་ཞེས་བཏགས། ཆུ་འདུས་པའི་མིང་ལ་རྒྱ་མཚོ་བཏགས་སོ། དཀོན་མཆོག་གིས་དེ་ལེགས་པ་ཡིན་པར་གཟིགས་སོ། ༡༡ ཡང་དཀོན་མཆོག་གིས་འདི་སྐད་དུ། སས་རྩྭ་དང་། ས་བོན་སྐྱེ་བའི་སྔོ་ཚོད་དང་། སའི་གོང་ལ་རང་རང་གི་རིགས་ཀྱི་འབྲས་བུ་ས་བོན་དང་བཅས་པ་སྐྱེ་བའི་བཟའ་ཤིང་སྐྱེ་བར་བྱོས་ཤིག་ཅེས་གསུངས་ནས། དེ་བཞིན་དུ་གྱུར་ཏོ། ༡༢ སས་རྩྭ་དང་། རང་རང་གི་རིགས་ཀྱི་ས་བོན་དང་བཅས་པ་སྐྱེ་བའི་སྔོ་ཚོད་དང་། རང་རང་གི་རིགས་ཀྱི་འབྲས་བུ་ས་བོན་དང་བཅས་པ་སྐྱེ་བའི་བཟའ་ཤིང་སྐྱེ་བར་བྱས་སོ། དཀོན་མཆོག་གིས་དེ་ལེགས་པ་ཡིན་པར་གཟིགས་སོ། ༡༣ ནུབ་མོ་དང་ནང་མོ་བྱུང་ནས་ཞག་གསུམ་པའོ༎
༡༤ ཡང་དཀོན་མཆོག་གིས་འདི་སྐད་དུ། ཉིན་མོ་དང་མཚན་མོ་ཕྱེ་བའི་ཕྱིར་ནམ་མཁའི་དབྱིངས་ལ་འོད་རྣམས་བྱུང་ཞིག དེ་དག་དུས་དང་། ཞག་དང་། ལོ་རྣམས་ཀྱི་རྟགས་སུ་འགྱུར་བ་དང་། ༡༥ ས་ལ་སྣང་བར་བྱེད་པའི་ཕྱིར་དེ་དག་ནམ་མཁའི་དབྱིངས་ལ་འོད་རྣམས་ཡིན་པར་གྱུར་ཅིག དེ་བཞིན་དུ་བྱུང་ངོ་། ༡༦ དཀོན་མཆོག་གིས་འོད་ཆེན་པོ་གཉིས་ནི། ཉིན་མོ་ལ་དབང་བྱེད་པའི་ཕྱིར་འོད་ཆེན་པོ་ཞིག་དང་། མཚན་མོ་ལ་དབང་བྱེད་པའི་ཕྱིར་འོད་ཆུང་བ་ཞིག་དང་། སྐར་མ་རྣམས་ཀྱང་མཛད་དོ། ༡༧ ས་ལ་འོད་སྣང་བར་བྱེད་པའི་ཕྱིར་དཀོན་མཆོག་གིས་དེ་དག་ནམ་མཁའི་དབྱིངས་ལ་བཙུག་པར་མཛད་དོ། ༡༨ ཉིན་དང་མཚན་ལ་དབང་བྱེད་པ་དང་། འོད་དང་མུན་པ་ཕྱེ་བའི་ཕྱིར་རོ། དཀོན་མཆོག་གིས་དེ་ལེགས་པ་ཡིན་པར་གཟིགས་སོ། ༡༩ ནུབ་མོ་དང་ནང་མོ་བྱུང་ནས་ཞག་བཞི་པའོ༎
༢༠ ཡང་དཀོན་མཆོག་གིས་འདི་སྐད་དུ། ཆུ་རྣམས་ལས་སྲོག་དང་ལྡན་པའི་སེམས་ཅན་མང་པོ་བྱུང་ཞིག་དང་། བྱ་རྣམས་སའི་གོང་ལ་ནམ་མཁའི་དབྱིངས་ལ་ཕུར་ཕུར་ཞིག་གསུངས་པ་དང་། ༢༡ དཀོན་མཆོག་གིས་ཆུའི་སེམས་ཅན་ཆེན་པོ་རྣམས་དང་། ཆུ་རྣམས་ལས་མང་པོ་བྱུང་བའི་སེམས་ཅན་སྣ་ཚོགས་རང་རང་གི་རིགས་བཞིན་དུ་དང་། བྱ་གཤོག་པ་ཅན་རྣམས་ཀྱང་རང་རང་གི་རིགས་བཞིན་དུ་བཀོད་དོ། དཀོན་མཆོག་གིས་དེ་ལེགས་པ་ཡིན་པར་གཟིགས་སོ། ༢༢ དཀོན་མཆོག་གིས་དེ་དག་ལ་བྱིན་རླབས་མཛད་ཅིང་འདི་སྐད་དུ། བརྒྱུད་དང་ལྡན་ཞིང་མང་པོ་འཕེལ་ནས་རྒྱ་མཚོ་རྣམས་ཀྱི་ཆུ་གང་བར་བྱོས་ཤིག་དང་། བྱ་རྣམས་ས་ལ་འཕེལ་བར་གྱུར་ཅིག ༢༣ ནུབ་མོ་དང་ནང་མོ་བྱུང་ནས་ཞག་ལྔ་པའོ༎
༢༤ ཡང་དཀོན་མཆོག་གིས་འདི་སྐད་དུ། སས་རང་རང་གི་རིགས་བཞིན་དུ་སེམས་ཅན་རྐང་བཞི་པ་དང་། ལྟོ་འགྲོ་སྲིན་བུ་དང་། ས་གཞིའི་དུད་འགྲོ་རྣམས་རང་རང་གི་རིགས་བཞིན་དུ་སྐྱེད་པར་བྱོས་ཤིག་གསུངས་པ་དང་། དེ་བཞིན་དུ་གྱུར་ཏོ། ༢༥ དཀོན་མཆོག་གིས་སའི་དུད་འགྲོ་རང་རང་གི་རིགས་བཞིན་དུ་དང་། རྐང་བཞི་པ་རང་རང་གི་རིགས་བཞིན་དུ་མཛད་དོ། དཀོན་མཆོག་གིས་དེ་ལེགས་པ་ཡིན་པར་གཟིགས་སོ༎
༢༦ ཡང་དཀོན་མཆོག་གིས་འདི་སྐད་དུ། རྒྱ་མཚོའི་ཉ་རྣམས་དང་། ནམ་མཁའི་བྱ་རྣམས་དང་། རྐང་བཞི་པ་རྣམས་དང་། ས་ཐམས་ཅད་དང་། ས་ལ་ལྟོ་བས་འགྲོ་བའི་སྲིན་བུ་ཐམས་ཅད་ལ་དཔོན་པོ་བྱེད་པའི་ཕྱིར་ང་ཅག་གིས་རང་གི་དབྱིབས་ལྟར་དང་ངེད་རང་གི་གཟུགས་བརྙན་བཞིན་དུ་ཡོད་པའི་མི་བྱེད་པར་བྱ་གསུངས་སོ། ༢༧ དཀོན་མཆོག་གིས་ཉིད་ཀྱི་དབྱིབས་ལྟར་མི་ནི་བཀོད་དེ། དཀོན་མཆོག་གི་དབྱིབས་ལྟར་མི་ནི་བཀོད་དོ། སྐྱེས་པ་དང་བུད་མེད་ཁོང་གིས་བཀོད་དོ། ༢༨ དཀོན་མཆོག་གིས་དེ་དག་ལ་བྱིན་རླབས་མཛད་ཅིང་འདི་སྐད་དུ། ཁྱོད་ཅག་བརྒྱུད་ཅན་གྱུར་ལ་མང་པོ་འཕེལ་ནས། ས་བཀང་སྟེ། འབངས་སུ་བྱོས་ཤིག་དང་། རྒྱ་མཚོའི་ཉ་རྣམས་དང་། ནམ་མཁའི་བྱ་རྣམས་དང་། ས་ལ་རྒྱུ་བའི་སྲོག་ཡོད་པ་ཐམས་ཅད་ལ་དབང་བྱོས་ཤིག་ཅེས་གསུངས་སོ། ༢༩ ཡང་དཀོན་མཆོག་གིས་གསུངས་པ། ལྟོས་ཤིག ཁྱེད་ཅག་གིས་ཟ་རུ་ངས་ཁྱེད་ཅག་ལ་ས་ཚང་མ་ལ་ས་བོན་སྐྱེ་བའི་སྔོ་ཚོད་ཐམས་ཅད་དང་། རྩི་ཤིང་ཐམས་ཅད་ས་བོན་སྐྱེ་བའི་ཤིང་གི་འབྲས་བུ་དང་ལྡན་པ་སྟེར་རོ། ༣༠ སའི་དུད་འགྲོ་ཐམས་ཅད་དང་། ནམ་མཁའི་བྱ་ཐམས་ཅད་དང་། ས་ལ་རྒྱུ་བའི་སེམས་ཅན་སྲོག་ཡོད་པ་ཐམས་ཅད་ལ། སྔོ་ཚོད་ཐམས་ཅད་ཁ་ཟས་ཀྱི་ཕྱིར་སྟེར་རོ། དེ་བཞིན་དུ་གྱུར་ཏོ། ༣༡ དཀོན་མཆོག་གིས་ཅི་དང་ཅི་མཛད་པ་ཐམས་ཅད་ལ་གཟིགས་ནས། ལྟོས་ཤིག ཤིན་ཏུ་ལེགས་པ་ཡོད་དོ། ནུབ་མོ་དང་ནང་མོ་བྱུང་ནས་ཞག་དྲུག་པའོ༎