༢
དེ་ལྟར་ནམ་མཁའ་ས་གཉིས་དང་དེ་དག་གི་ཚོགས་ཐམས་ཅད་གྲུབ་བོ། ༢ དཀོན་མཆོག་གིས་ཞག་བདུན་པ་ལ་ཁོང་རང་གིས་མཛད་པའི་ཕྲིན་ལས་བསྒྲུབས་ནས། ཁོང་གིས་མཛད་པའི་ཕྲིན་ལས་ཐམས་ཅད་ཟིན་ཏེ་ཞག་བདུན་པ་ལ་དལ་བར་བཞུགས་སོ། ༣ དཀོན་མཆོག་གིས་ཞག་བདུན་པ་དེ་བྱིན་གྱིས་བརླབས་ཤིང་དམ་པར་མཛད་པ་ཡིན། གང་ལ་ཟེར་ན། ཞག་དེ་ལ་ཁོང་གིས་བཀོད་ནས་མཛད་པའི་ཕྲིན་ལས་ཐམས་ཅད་ཟིན་ཏེ་ཐུགས་དལ་བར་བཞུགས་པའི་ཕྱིར་རོ༎༤ གང་ཞག་ལ་གཙོ་བོ་དཀོན་མཆོག་གིས་ས་དང་ནམ་མཁའ་བཀོད་ནས་མཛད་པའི་དུས་སུ། ནམ་མཁའ་དང་ས་འབྱུང་ཚུལ་ནི་འདི་ལྟར་སྟེ། ༥ ཞིང་གི་ཤིང་ས་ལ་ད་དུང་མ་བྱུང་། ཞིང་གི་སྔོ་ཚོད་ད་རུང་མ་སྐྱེས། ཅི་ལ་ཟེར་ན། གཙོ་བོ་དཀོན་མཆོག་གིས་ས་ལ་ཆར་པ་འབེབས་པར་མ་མཛད། ས་འབད་པའི་མི་སུ་ཡང་མེད་པའི་ཕྱིར་རོ། ༦ འོན་ཀྱང་རྨུག་པ་ཞིག་ས་ནས་ལངས་པས། སའི་ངོས་ཐམས་ཅད་རླན་པར་བྱས་སོ། ༧ ཡ་ཧོ་ཝཱ་དཀོན་མཆོག་གིས་མི་ནི་སའི་ཐལ་བ་ནས་བཀོད་ནས། སྣ་རུ་སྲོག་གི་དབུགས་ཕུས་པར་མཛད་པས། མི་ནི་སྲོག་དང་ལྡན་པའི་སེམས་ཅན་ཞིག་བྱུང་བ་ཡིན། ༨ དེ་ནས་ཡ་ཧོ་ཝཱ་དཀོན་མཆོག་གིས་ཨེ་དེན་ཡུལ་གྱི་ཤར་ཕྱོགས་སུ་ཚལ་ཞིག་བཙུགས་ཏེ། དེར་ཁོང་གིས་བཀོད་པའི་མི་བཅུག་གོ། ༩ གཙོ་བོ་དཀོན་མཆོག་གིས་ས་ནས་ཤིང་སྣ་ཚོགས་ལྟ་ན་སྡུག་པ་དང་། ཟ་ན་ཞིམ་པོ་སྐྱེ་རུ་བཅུག ཚལ་གྱི་གཞུང་ལ་གསོན་པ་ཉིད་ཀྱི་ཤིང་དང་། བཟང་ངན་རྟོགས་པའི་ཤིང་གཉིས་ཀྱང་སྐྱེ་བཅུག་པར་མཛད་དོ༎
༡༠ ཡང་ཚལ་འཆུ་བའི་ཕྱིར་ཨེ་དེན་ཡུལ་ནས་གཙང་པོ་ཞིག་འབབ་ཅིང་། དེ་གྱེས་ནས་གཙང་པོ་བཞི་རུ་གྱུར་ཏོ། ༡༡ གཙང་པོ་དང་པོའི་མིང་ནི་པི་ཤོན་ཡིན། དེས་ནི་གསེར་ཡོད་པའི་ཧ་ཝི་ལཱ་ཡུལ་ཐམས་ཅད་ལ་སྐོར་རོ། ༡༢ ཡུལ་དེའི་གསེར་བཟང་པོ་ཡིན། དེ་རུ་བེ་དེལ་ཡོན་དང་རིན་པོ་ཆེ་ཨིན་དྲ་ནི་ལ་ཡང་ཡོད། ༡༣ གཙང་པོ་གཉིས་པའི་མིང་ནི་གི་ཧོན་ཡིན་ཏེ། དེ་ནི་ཀུས་ཡུལ་ཐམས་ཅད་ལ་སྐོར་རོ། ༡༤ གཙང་པོ་གསུམ་པའི་མིང་ནི་ཏི་ཀེ་ལི་སི་ཡིན་ཏེ། དེ་ནི་ཨ་སུར་གྱི་ཤར་ཕྱོགས་སུ་འབབ་བོ། གཙང་པོ་བཞི་པ་ནི་ཡུབ་རཱད་ཡིན་ནོ༎
༡༥ ཡང་གཙོ་བོ་དཀོན་མཆོག་གིས་མི་ནི་བཞེས་ཏེ་ཨེ་དེན་གྱི་ཚལ་དུ་བཅུག་པ་ཡིན། གང་ལ་ཟེར་ན། ཚལ་འབད་པ་དང་སྲུང་བའི་ཕྱིར་རོ། ༡༦ དེ་ནས་ཡ་ཧོ་ཝཱ་དཀོན་མཆོག་གིས་མི་ལ། ཚལ་གྱི་ཤིང་ཐམས་ཅད་ནས་ཟོས་ལ། ༡༧ བཟང་ངན་རྟོགས་པའི་ཤིང་འདི་ལས་མ་ཟ། ཅི་ལ་ཟེར་ན། གང་ཞག་ལ་ཁྱོད་དེ་ལས་ཟ་བ་དང་ཤི་བར་འགྱུར་རོ་ཞེས་བཀའ་གནང་ཞིང་གསུངས་སོ༎
༡༨ ཡང་ཡ་ཧོ་ཝཱ་དཀོན་མཆོག་གིས། མི་གཅིག་པུར་ཡོད་པ་མི་ལེགས་ཏེ། ངས་ཁོ་དང་མཚུངས་པའི་གྲོགས་ཤིག་བྱའོ་གསུངས་ནས། ༡༩ ཡ་ཧོ་ཝཱ་དཀོན་མཆོག་གིས་ས་ལས་ཞིང་གི་དུད་འགྲོ་ཐམས་ཅད་དང་། ནམ་མཁའི་བྱ་ཐམས་ཅད་བཀོད་ནས། མིས་དེ་དག་ལ་ཇི་ལྟ་བུའི་མིང་འདོགས་པར་བྱེད་གཟིགས་པའི་ཕྱིར་དུ་ཁོ་ཡི་དྲུང་དུ་ཁྲིད་པ་དང་། མིས་ཐམས་ཅད་ལ་ཇི་ལྟ་བུའི་མིང་བཏགས་པ་བཞིན་དུ་སྲོག་དང་ལྡན་པའི་སེམས་ཅན་རེ་རེ་ལ་མིང་ཡོད། ༢༠ དེ་ནས་མིས་རྐང་བཞི་པ་ཐམས་ཅད་དང་། ནམ་མཁའི་བྱ་དང་། ཞིང་གི་དུད་འགྲོ་ཐམས་ཅད་ལ་མིང་བཏགས་ཀྱིས། ཨ་དམ་དང་མཚུངས་པའི་གྲོགས་ཤིག་མ་ཐོབ་བོ༎
༢༡ ཡ་ཧོ་ཝཱ་དཀོན་མཆོག་གིས་མི་ལ་གཉིད་ཆེན་པོ་ཕབ་ནས། ཁོ་གཉིད་དུ་སོང་བའི་ཚེ། ཁོང་གིས་མི་དེའི་རྩིབ་མ་གཅིག་བཞེས་ནས། དེའི་ཤུལ་ཤ་ཡིས་བསུབ་པར་མཛད་དོ། ༢༢ ཡ་ཧོ་ཝཱ་དཀོན་མཆོག་གིས་མི་ལས་བཞེས་པའི་རྩིབ་མ་ནི་བུད་མེད་དུ་བཀོད་ནས། ཨ་དམ་གྱི་དྲུང་དུ་ཁྲིད་དོ། ༢༣ དེར་མིས་སྨྲས་པ། ད་ཁོ་ཡིན་ཏེ་ངའི་རུས་པ་ནས་ཁོའི་རུས་པ་དང་། ངའི་ཤ་ནས་ཁོའི་ཤ་ཡིན་པས། ཁོའི་མིང་ཁྱོ་མོ་གདགས་པར་བྱ། དེ་ཅིའི་ཕྱིར་ཞེ་ན། ཁོ་ནི་ཁྱོ་བོ་ནས་བཏོན་པར་མཛད་པའི་ཕྱིར་རོ། ༢༤ དེའི་ཕྱིར་ཁྱོ་བོས་རང་གི་ཕ་མ་བཞག་ནས་རང་གི་ཁྱོ་མོ་ལ་རྟེན་ཏེ། ཤ་གཅིག་ཏུ་འགྱུར་བར་འགྱུར་རོ། ༢༥ མི་དང་རང་གི་ཁྱོ་མོ་གཉིས་གཅེར་བུར་ཡོད་ཀྱང་ངོ་ཚ་མ་བྱས་སོ༎