༣
ཡ་ཧོ་ཝཱ་དཀོན་མཆོག་གིས་མཛད་པའི་ཐང་གི་དུད་འགྲོ་ཐམས་ཅད་ལས་སྦྲུལ་གཡོ་སྒྱུ་ཅན་ཡིན་པས་བུད་མེད་ལ་སྨྲས་པ། འོ་ན་དཀོན་མཆོག་གིས་ཚལ་གྱི་ཤིང་ཐམས་ཅད་ལས་མ་ཟ་ཞེས་བཀའ་གནང་ངམ། ༢ བུད་མེད་ཀྱིས་སྦྲུལ་ལ་སྨྲས་པ། ཚལ་གྱི་ཤིང་གི་འབྲས་བུ་ཟའི། ༣ ཚལ་གྱི་གཞུང་ལ་ཡོད་པའི་ཤིང་གཅིག་གི་འབྲས་བུ་དཀོན་མཆོག་གིས་མ་ཟ་མ་རེག་ཅིག ཅི་ལ་ཟེར་ན། མི་ཤི་བའི་ཕྱིར་རོ་ཞེས་བཀའ་གནང་བ་ཡིན། ༤ སྦྲུལ་གྱིས་བུད་མེད་ལ་སྨྲས་པ། ཁྱེད་ཅི་ནས་ཀྱང་ཤི་མི་ཡོང་། ༥ དཀོན་མཆོག་གི་ཐུགས་ལ་དེ་དག་དེ་ལས་ཟོས་པ་ཙམ་གྱིས་མིག་བྱེ་སྟེ། དཀོན་མཆོག་དང་འདྲ་བར་བྱུང་ནས། བཟང་ངན་ཤེས་པར་འགྱུར་རོ་ཞེས་དགོངས་སོ། ༦ དེར་བུད་མེད་ཀྱིས་བལྟས་ཏེ། ཤིང་དེ་ནི་ཟ་ན་ཞིམ་པོ་དང་། ལྟ་ན་སྡུག་པ་དང་། མཁས་པར་བྱེད་པའི་ཕྱིར་ཡིད་དུ་འོང་བ་མཐོང་ནས། དེའི་འབྲས་བུ་བླངས་ཏེ་ཟོས་པ་དང་། རང་གི་ཁྱོ་ལ་ཡང་བསྟེར་ནས་དེས་ཀྱང་ཟོས་སོ། ༧ དེའི་ཚེ་དེ་གཉིས་ཀྱི་མིག་བྱེ་སྟེ་གཅེར་བུ་ཡིན་པ་རིག་པ་དང་། སེ་ཡབ་ཤིང་གི་ལོ་མ་སྦྲེལ་ཏེ་འདོམ་རས་བྱས་སོ༎༨ དེ་ནས་བསིལ་བའི་དུས་སུ་ཡ་ཧོ་ཝཱ་དཀོན་མཆོག་ཚལ་གྱི་ནང་ན་ཞབས་འཆག་པའི་སྒྲ་ཐོས་ནས། ཁྱོ་ཤུག་དེ་གཉིས་ཡ་ཧོ་ཝཱ་དཀོན་མཆོག་གི་དྲུང་ནས་ཚལ་གྱི་ཤིང་གི་ནང་དུ་བྲོས་ཤིང་ཡིབ་པར་གྱུར་ཏོ། ༩ དེར་ཡ་ཧོ་ཝཱ་དཀོན་མཆོག་གིས་ཨ་དམ་ལ་བོས་ཏེ། ཁྱོད་ག་ན་ཡོད་ཅེས་གསུངས་སོ། ༡༠ ཁོས་ཞུས་པ། ངས་ཁྱེད་ཀྱི་གསུང་སྐད་ཚལ་གྱི་ནང་ན་ཐོས་པས། གཅེར་བུར་ཡིན་པས་འཇིགས་ནས་ཡིབ་པ་ཡིན། ༡༡ ཁོང་གིས་གསུངས་པ། ཁྱོད་ལ་སུས་ཁྱོད་གཅེར་བུར་ཡོད་པ་བསྟན། ཁྱོད་ལ་ཟར་མ་གནང་བའི་ཤིང་ཐོག་ཟོས་སམ། ༡༢ ཨ་དམ་གྱིས་ཞུས་པ། ཁྱེད་ཀྱིས་ང་ལ་གྲོགས་སུ་བུད་མེད་གནང་སྟེ། དེས་ཤིང་ཐོག་ང་ལ་བསྟེར་ནས་ཟོས་པ་ཡིན། ༡༣ ཡ་ཧོ་ཝཱ་དཀོན་མཆོག་གིས་བུད་མེད་ལ། ཅིའི་ཕྱིར་ལས་དེ་བྱས་གསུངས་ནས། བུད་མེད་ཀྱིས་ཞུས་པ། སྦྲུལ་གྱིས་བསླུས་ཏེ་ཟོས་པ་ཡིན། ༡༤ དེ་ནས་ཡ་ཧོ་ཝཱ་དཀོན་མཆོག་གིས་སྦྲུལ་ལ། ཁྱོད་ཀྱིས་ལས་དེ་བྱས་པས། རྐང་བཞི་པ་ཐམས་ཅད་དང་། ཞིང་གི་དུད་འགྲོ་ཐམས་ཅད་ཀྱི་ནང་ན་གླུད་ཡིན་ཏེ། ལྟོ་བས་འགྲུལ་ཞིང་ནམ་འཚོ་བའི་བར་དུ་ཐལ་བ་ཟ་བར་གྱུར་ཅིག ༡༥ ཁྱོད་དང་བུད་མེད་ཀྱི་བར་ན་དབྱེན་པ་འབྱུང་བར་བྱ་བ་དང་། ཁྱོད་ཀྱི་བརྒྱུད་དང་དེའི་བརྒྱུད་ཀྱི་བར་ན་དབྱེན་པ་འབྱུང་འཇུག་པར་བྱའོ། ཁོས་ཁྱོད་ཀྱི་མགོ་རྫི་བར་བྱ། ཁྱོད་ཀྱིས་ཁོའི་རྟིང་པ་ལ་སོ་གདབ་བོ་ཞེས་བཀའ་གནང་ངོ་། ༡༦ ཁོང་གིས་བུད་མེད་ལ། ཁྱོད་ཀྱི་མངལ་སྦྲུམ་གྱི་སྡུག་བསྔལ་མང་དུ་བྱ་སྟེ། སྐྱེ་གཟེར་གྱིས་བུ་བཙའ་བར་འགྱུར། ཁྱོད་ཀྱིས་ཁྱོ་ལ་གདུང་བ་དང་། ཁོས་ཁྱོད་ལ་དབང་བྱའོ་གསུངས་སོ། ༡༧ ཨ་དམ་ལ། ཁྱོད་ཀྱིས་ཁྱོ་མོའི་ཁ་ལ་ཉན་ཏེ། ངས་ཤིང་ལས་མ་ཟ་སྨྲས་ཀྱང་ཟོས་པས། ཁྱོད་ཀྱི་ཕྱིར་ཞིང་དམོད་པར་བྱས་སོ། སྡུག་བསྔལ་ཞིང་ནམ་འཚོ་བའི་བར་དུ་དེ་ལས་ཟོས་ཤིག ༡༨ ཚེར་མ་དང་ལྗང་ཚེར་ཁྱོད་ཀྱི་ཕྱིར་སྐྱེས་པའི་ཞིང་ལས་སྔོ་ཚོད་ཟོ་ལ། ༡༩ ཁྱོད་ས་རུ་ཕྱིར་མ་ལོག་པའི་བར་དུ་གདོང་རྔུལ་བར་ཟན་ཟོས་ཤིག ཁྱོད་ས་ནས་བཏོན་ཏེ། ཐལ་བ་ཡིན་པས་ཐལ་བ་རུ་ཕྱིར་ལྡོག་པར་འགྱུར་ཅིག་གསུངས་སོ༎
༢༠ ཨ་དམ་གྱིས་བུད་མེད་ཀྱི་མིང་ལ་ཧ་ཝཱ་ཞེས་བཏགས་པ་ཡིན། གང་ལ་ཟེར་ན། དེ་ནི་གསོན་པོ་ཐམས་ཅད་ཀྱི་ཨ་མ་ཡིན་པའི་ཕྱིར་རོ༎
༢༡ ཡང་ཡ་ཧོ་ཝཱ་དཀོན་མཆོག་གིས་ཨ་དམ་དང་དེའི་ཆུང་མ་ལ་པགས་པའི་གོས་མཛད་ནས་དེ་དག་ལ་བསྐོན་ཏོ༎
༢༢ ཡ་ཧོ་ཝཱ་དཀོན་མཆོག་གིས། ལྟོས་ཤིག ཨ་དམ་བཟང་ངན་ཤེས་ཏེ་ངེད་རྣམས་དང་འདྲ་བར་གྱུར་པས། ད་ལག་པ་བརྐྱང་སྲོག་གི་ཤིང་ལས་ཀྱང་བླངས་ཏེ་ཟོས་ནས་རྒྱུན་ཆད་མེད་པར་འཚོ་བར་མ་སྲིད་ཅིག ༢༣ དེའི་ཕྱིར་ས་ནས་བླངས་པའི་མིས་ས་དེ་རང་འབད་པའི་ཕྱིར་ཡ་ཧོ་ཝཱ་དཀོན་མཆོག་གིས་ཁོ་ཨེ་དེན་ཡུལ་གྱི་ཚལ་ནས་བཏོན་ཏེ། ༢༤ ཨ་དམ་བསྐྲད་ནས། ཤར་ཕྱོགས་སུ་ཨེ་དེན་ཡུལ་གྱི་མདུན་དུ་ཀེ་རུབ་མེ་འབར་བའི་རལ་གྲི་འཁྱུག་པ་དང་བཅས་པ་རྣམས་འཇོག་པར་མཛད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། སྲོག་གི་ཤིང་གི་ལམ་སྲུང་བའི་ཕྱིར་རོ༎