༥༠
ཡང་ཡོ་སེབ་ཕའི་གདོང་ལ་བཏུད་ནས། ངུ་ཞིང་ཁ་བསྐྱལ་ལོ། ༢ དེ་ནས་ཡོ་སེབ་ཀྱིས་རང་གི་ཕ་ལ་དྲི་བཟང་འགེང་དུ་ཁོང་རང་གི་གཡོག་པོ་སྨན་པ་རྣམས་ལ་བཀའ་གནང་བ་དང་། སྨན་པ་རྣམས་ཀྱིས་ཨིས་ར་ཨེལ་ལ་སྤོས་ཆུ་བླུགས་ནས་བཏུམས་སོ། ༣ ཡང་ཁོའི་ཕྱིར་ཞག་བཞི་བཅུ་ཚང་ངོ་། གང་ལ་ཟེར་ན། དེ་ཙམ་སྤོས་ཆུ་བླུག་པ་ལ་འགོར་བའི་ཕྱིར་རོ། མི་སེར་པ་རྣམས་ཁོའི་ཕྱིར་ཞག་བདུན་ཅུའི་བར་དུ་མྱ་ངན་བྱས་སོ༎༤ ཁོང་གི་ཕྱིར་མྱ་ངན་བྱེད་པའི་དུས་ཟིན་ནས། ཡོ་སེབ་ཀྱིས་ཕར་ཨོའི་ནང་མི་རྣམས་ལ། ཁྱེད་ཀྱིས་ང་ལ་ཐུགས་རྗེས་གཟིགས་ན། ཕར་ཨོ་ཡི་རྣ་བའི་མདུན་དུ་འདི་ལྟར་ཟེར། ༥ ངའི་ཕས་དབུ་མནའ་བཞེས་ཏེ་ང་ལ། ད་ང་འཆི་བས། ཀ་ན་ཨན་ཡུལ་ན་ངའི་ཕྱིར་བྲུས་པའི་དུར་དེའི་ནང་དུ་ཁྱོད་ཀྱིས་ང་ཆུག་ཅིག་ཅེས་བཀའ་གནང་བས། ང་ཕ་དུར་དུ་འཇུག་པའི་ཕྱིར་འགྲོ་བར་གནོང་ཞིག དེའི་རྗེས་ལ་ང་ཕྱིར་ལོག་ཡོང་ཞེས་ཞུས་ཤིག ༦ དེ་ལྟར་ཞུས་ནས། ཕར་ཨོས་ད་སོང་ལ་ཁྱོད་ཀྱི་ཕ་དུར་དུ་ཆུག་ཅིག་ཅེས་བཀའ་གནང་ངོ་། ༧ ཡོ་སེབ་ཕ་དུར་དུ་འཇུག་པའི་ཕྱིར་སོང་སྟེ། ཁོང་དང་མཉམ་དུ་ཕར་ཨོའི་འཁོར་གཡོག་ཐམས་ཅད་དང་། དེའི་འཁོར་གྱི་འགོ་པ་རྣམས་དང་། མི་སེར་ཡུལ་གྱི་འགོ་པ་ཐམས་ཅད་དང་། ༨ ཡོ་སེབ་ཀྱི་གཞིས་མད་དང་། དེའི་སྤུན་རྣམས་དང་། ཕའི་གཞིས་མད་སོང་ངོ་། ཕྲུ་གུ་ཆུང་བ་རྣམས་དང་ལུག་ཕྱུགས་འབའ་ཞིག་གོ་ཤེན་ཡུལ་དུ་ལུས་སོ། ༩ དེ་དང་མཉམ་དུ་ཤིང་རྟ་རྣམས་དང་རྟ་པ་རྣམས་ཀྱང་སོང་སྟེ་ཚོགས་ཆེན་པོ་ཞིག་ཡོད་པ་ཡིན། ༡༠ ཡོར་དན་ཆུའི་ཕ་རོལ་དུ་ཡོད་པའི་ཨ་ཐད་བྱ་བའི་གཡུལ་ཐང་གི་བར་དུ་ཕྱིན་ནས། དེ་རུ་མྱ་ངན་ཆེན་པོ་དང་ཧ་ཅང་དྲག་པོ་ཞིག་བྱས་ཏེ། ཁོས་ཕའི་ཕྱིར་ཞག་བདུན་མྱ་ངན་བྱས་སོ། ༡༡ ཨ་ཐད་ཀྱི་གཡུལ་ཐང་ལ་བྱས་པའི་མྱ་ངན་ཡུལ་མི་ཀ་ན་ཨན་པ་རྣམས་ཀྱིས་མཐོང་ནས། དེ་ནི་མི་སེར་པ་རྣམས་ལ་མྱ་ངན་ཆེན་པོ་ཞིག་ཡིན་སྨྲས་སོ། དེའི་ཕྱིར་ཡོར་དན་ཆུ་བོའི་ཕ་རོལ་དུ་ཡོད་པའི་གཡུལ་ཐང་དེ་ལ་ཨ་ཝེལ་མིས་ར་ཨིམ་༼བོད་སྐད་དུ་མི་སེར་པ་རྣམས་ཀྱི་མྱ་ངན་༽ཞེས་མིང་བཏགས་པ་ཡིན། ༡༢ ཡང་དེའི་བུ་རྣམས་ཀྱིས་ཡ་ཀོབ་ཀྱིས་བཀའ་གནང་བ་བཞིན་དུ་བྱས་སོ། ༡༣ དེ་དག་གིས་ཁོང་ཀ་ན་ཨན་ཡུལ་དུ་ཁྱེར་ནས། ཨབ་ར་ཧམ་གྱིས་ཧེད་པ་ཨེབ་རོན་ནས་བརྒྱུད་ཀྱི་དུར་ཁྲོད་ཡིན་པའི་ཕྱིར་ཞིང་དང་བཅས་པ་ཉོས་པའི་མག་ཕེ་ལཱ་ཟེར་བའི་ཕུག་པ་ལ་མམ་རེའི་ཐད་དུ་དུར་དུ་བཅུག་གོ། ༡༤ ཕ་དུར་དུ་བཅུག་ཚར་ནས་ཡོ་སེབ་དང་། དེའི་སྤུན་རྣམས་དང་། ཕ་དུར་དུ་འཇུག་པའི་ཕྱིར་སོང་བའི་མི་ཐམས་ཅད་མི་སེར་ཡུལ་དུ་ཕྱིར་ལོག་གོ།
༡༥ ཕ་ཤི་ནས་ཡོ་སེབ་ཀྱི་སྤུན་རྣམས་འཇིགས་ཏེ་ཡོ་སེབ་ཀྱིས་ང་ཚོ་ལ་སྡང་ཡོང་ང་ཚོས་ཁོ་ལ་བྱས་པའི་ངན་པ་ཐམས་ཅད་ཀྱི་ལན་ལེན་པར་འགྱུར་བསམས་སོ། ༡༦ དེ་དག་གིས་ཡོ་སེབ་ལ་ཕྲིན་སྐུར་ཞིང་སྨྲས་པ། ཁྱོད་ཀྱི་ཕ་ཚེ་མ་འདས་པའི་སྔོན་དུ་ཁོང་གིས་ངེད་རྣམས་ལ། ༡༧ ཁྱོད་ཚོས་ཡོ་སེབ་ལ། རང་གི་སྤུན་རྣམས་ཀྱི་ཉེས་པ་དང་། དེ་དག་གིས་ཁྱོད་ལ་བྱས་པའི་སྡིག་པའི་ཕྱིར་བཟོད་པར་གསོལ་ཞིག་ཅེས་གསུངས་པས། ད་ང་ཅག་ཁྱོད་ཀྱི་ཕའི་དཀོན་མཆོག་གི་གཡོག་པོ་རྣམས་ཀྱི་ཉེས་པའི་ཕྱིར་ཁྱོད་བཟོད་པ་མཛད་པར་གསོལ་ལོ་སྨྲས། ཡོ་སེབ་ཀྱིས་དེ་དག་གིས་སྨྲས་པའི་གཏམ་དེའི་ཕྱིར་ངུས་སོ། ༡༨ དེ་ནས་སྤུན་རྣམས་ཡོངས་ནས་དེའི་མདུན་དུ་ལུས་ས་ལ་བརྡབས་ཏེ་ང་ཚོ་ལ་གཟིགས་ཤིག ངེད་ནི་ཁྱོད་ཀྱི་བྲན་རྣམས་ཡིན་ཞེས་ཞུས་སོ། ༡༩ ཡོ་སེབ་ཀྱིས་དེ་དག་ལ་གསུངས་པ། མ་འཇིགས་ཤིག ང་དཀོན་མཆོག་ཡིན་ནམ། ༢༠ ཁྱོད་རྣམས་ང་ལ་ངན་པ་བྱེད་བསམས་དཀོན་མཆོག་གིས་བཟང་བའི་ཕྱོགས་སུ་དགོངས་ཏེ། མི་མང་པོའི་སྲོག་སྐྱོབ་པར་མཛད། དེ་ནི་དེ་རིང་གི་ཉིན་མོ་ལ་གསལ་པོར་བྱུང་ངོ་། ༢༡ དེའི་ཕྱིར་ད་མ་འཇིགས་ཤིག ངས་ཁྱེད་དང་ཁྱེད་ཀྱི་ཕྲུ་གུ་རྣམས་ཀྱི་ཕྱིར་འཚོ་བ་སྦྱོར་བར་བྱའོ། དེ་ལྟར་བྱམས་པའི་གཏམ་བྱས་ཏེ་དེ་དག་གི་སེམས་སོས་སོ༎
༢༢ དེ་ལྟར་ཡོ་སེབ་དང་རང་གི་ཕའི་ཁང་པའི་མི་རྣམས་མི་སེར་ཡུལ་ན་གནས་སོ། ཡང་ཡོ་སེབ་ལོ་བརྒྱ་དང་བཅུ་གསོན་པོར་ལུས་སོ། ༢༣ ཡོ་སེབ་ཀྱིས་ཨེབ་ར་ཨིམ་གྱི་བུ་རྣམས་མི་རབས་གསུམ་གྱི་བར་དུ་མཐོང་། ཡང་མ་ན་ཤེའི་བུ་མ་ཀིར་བྱ་བའི་བུ་རྣམས་ཀྱང་ཡོ་སེབ་ཀྱི་པུས་མོའི་སྟེང་དུ་སྐྱེས་པ་ཡིན། ༢༤ ཡང་ཡོ་སེབ་ཀྱིས་སྤུན་རྣམས་ལ། ད་ང་འཆིའོ། འོན་ཀྱང་དཀོན་མཆོག་གིས་ཁྱེད་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་ཡུལ་འདི་ནས་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ལ་དབུ་མནའ་བཞེས་པའི་ཡུལ་དུ་འཁྲིད་པར་འགྱུར་རོ་ཞེས་གསུངས་སོ། ༢༥ ཡོ་སེབ་ཀྱིས་ཨིས་ར་ཨེལ་གྱི་བུ་རྣམས་ལ་མནའ་བཀལ་ཞིང་དེ་དག་ལ། དཀོན་མཆོག་གིས་ཁྱེད་རྣམས་ལ་ངོ་ཐོག་གཟིགས་པར་འགྱུར་བས། ཁྱེད་ཅག་གིས་ངའི་རུས་པ་འདི་ནས་དེ་རུ་ཁྱེར་ཅིག་གསུངས་སོ། ༢༦ ཡང་ཡོ་སེབ་ཀྱི་ཚེ་ཚད་ལོ་བརྒྱ་དང་བཅུ་ལོན་ནས་ཚེ་འདས་པ་དང་། དེ་ལ་སྤོས་ཆུ་བླུགས་ནས་མི་སེར་ཡུལ་དུ་སྤུར་སྒམ་ཞིག་ཏུ་བཅུག་གོ། ༎