༤༩
དེ་ནས་ཡ་ཀོབ་ཀྱིས་རང་གི་བུ་རྣམས་བོས་ནས། ཁྱེད་ཅག་ལ་མ་འོངས་པའི་དུས་རྣམས་ལ་ཅི་དང་ཅི་འབྱུང་ཡོང་བ་དེ་ངས་བཤད་པའི་ཕྱིར་འདུས་ཤིག་གསུངས་སོ།  ཡ་ཀོབ་ཀྱི་བུ་རྣམས་ཁྱེད་འདུས་ལ་ཉོན་ཅིག ཁྱེད་ཀྱི་ཕ་ཨིས་ར་ཨེལ་ལ་རྣ་བ་ཐོད་ཅིག
 རུ་བེན་ཁྱོད་ནི་ངའི་སྔོན་སྐྱེས་ངའི་བཅུད་དང་ངའི་ཤེད་ཀྱི་ཕུད། གོ་འཕང་ཆེ་ཞིང་དབང་ནང་མཆོག་ཡིན་ནོ།  ཁྱོད་ཆུ་ལྟར་མི་བརྟན་པས་མཆོག་ཏུ་འགྱུར་མི་འོང་། ཕའི་མལ་ཁྲིར་ཁྱོད་འཛེགས་སོང་བས། ངའི་མལ་ཁྲིར་ཉལ་ཏེ་འབགས་པས་སོ༎
 ཤིམ་ཨོན་དང་ལེ་ཝི་གཉིས་སྤུན་ཟླ་ཡིན། དེ་དག་གི་རལ་གྲི་ནི་དབང་ཆོས་ཀྱི་མཚོན་ཆའོ།  ཀྱེ་ངའི་སེམས་དེ་དག་གི་གྲོས་ནང་མ་འདྲེས་ཤིག ངའི་དཔལ་ཁྱོད་དེ་དག་གི་འདུན་མའི་ནང་གཅིག་པར་མ་གྱུར། ཁྲོ་ཡི་ནང་དེ་དག་གིས་མི་ཞིག་བསད། རང་རྒྱལ་ནང་གླང་རྣམས་ཀྱི་སུག་པ་བྲེག  དེ་དག་གི་ཁྲོ་བ་དྲག་པོ་ལ་བཀྲ་མི་ཤིས། དེ་དག་གི་ངར་གྱི་ཁྲོ་གཏུམ་ལ་བཀྲ་མི་ཤིས། ཡ་ཀོབ་ཀྱི་ནང་ནས་ངས་དེ་འཕྲལ་ཞིང་། ཨིས་ར་ཨེལ་གྱི་ནང་ན་དེ་དག་ཁྲེ་གཏོར་བྱ།
 ཡ་ཧུ་དཱ་ཁྱོད་ལ་རང་གི་སྤུན་རྣམས་ཀྱིས་སྟོད་པར་འགྱུར། ཁྱོད་ཀྱི་ལག་པས་དགྲ་བོའི་གཉའ་ནས་བཟུང་། ཁྱོད་ཀྱི་ཕའི་བུ་རྣམས་ཁྱོད་མདུན་ལ་མགོ་འདུད་ཡོང་།  ཡ་ཧུ་དཱ་ནི་སེང་གེ་དར་མ་ཡིན། ངའི་བུ་ཁྱོད་ཀྱིས་ལིངས་བཏང་སྟེ་ཡར་མཆོངས། ཁོ་ནི་སེང་གེ་དང་སེང་གེ་མོ་ལྟར་དུ་འཇབ་སྟེ་བསྡད་པས། སུས་ཁོ་དཀྲོག་པར་ནུས། ༡༠ ཡ་ཧུ་དཱ་ནས་དབང་དབྱུག་འབྲལ་མི་འགྱུར། ཞི་བདེ་ཕེབས་པའི་བར་དུ་དང་། མི་བརྒྱུད་རྣམས་ཀྱིས་དེའི་བཀའི་འབངས་བྱེད་པའི་བར། དེའི་ཞབས་ཀྱི་བར་ནས་མངའ་བདག་གི་དབང་དབྱུག་ཤོར་མི་ཡོང་། ༡༡ དེས་ནི་རང་གི་བོང་བུ་རྒུན་ཤིང་ལ་གདགས། བོང་མོའི་ཐུར་བུ་ཡལ་ག་ཅེས་པ་ལ་འདོགས་པར་འགྱུར། དེས་རང་གི་གོས་རྒུན་ཆང་དང་། རང་གི་ཕྱུ་པ་རྒུན་འབྲུམ་གྱི་ཁྲག་ནང་འཁྲུད་པར་བྱ། ༡༢ རྒུན་ཆང་གིས་དེའི་མིག་དམར་པོ་དང་། འོ་མས་དེའི་སོ་རྣམས་དཀར་པོ་ཡོད་པར་འགྱུར།
༡༣ ཟེ་བུ་ལོན་ནི་རྒྱ་མཚོའི་གྲུ་ཁ་ལ་གནས། གྲུ་རྣམས་ཀྱི་གྲུ་ཁ་ལ་ཁོ་འགྱུར་བར་འགྱུར། ཁོའི་ས་མཚམས་ཚི་དོན་དང་ཐུག་པར་འགྱུར་རོ༎
༡༤ ཨི་ས་གར་ནི་བོང་བུ་རིམ་པ་སྟེ། ལུག་གི་ལྷས་རྣམས་ཀྱི་གསེབ་ལ་ཉལ། ༡༥ བསྟི་གནས་ལེགས་པོ་ཞིག་དང་། ཡུལ་ནི་ཡིད་དུ་འོང་བར་མཐོང་ནས། ཁལ་འཁུར་ཕྱིར་རང་གི་དཔུང་པ་རྒུས། འུ་ལག་གི་ལས་ནང་གཉའ་ཡལ་ལྟར་བྱས།
༡༦ དཱན་ནི་ཨིས་ར་ཨེལ་གྱི་སྡེ་རྣམས་ན་གཅིག་དང་འདྲ། རང་གི་མི་བརྒྱུད་ལ་ཞལ་ཆེ་གཅོད་པར་འགྱུར། ༡༧ དཱན་ནི་ལམ་ཁའི་སྦྲུལ་ཞིག་སྟེ། ཤུལ་ལམ་གྱི་དུག་སྦྲུལ་ཞིག་ཡིན། དེས་ནི་རྟའི་རྟིང་པ་ལ་སོ་བཏབ་པས། ཞོན་མཁན་དེ་གན་རྐྱལ་ལ་འགྱེལ་ལོ༎
༡༨ ཀྱེ་ཡ་ཧོ་ཝཱ་ང་ཁྱེད་ཀྱི་སྐྱབས་ལ་སྒུག་ཅིང་ཡོད།
༡༩ གད་ལ་དམག་ཚོགས་ཤིག་གིས་རུབ་པར་བྱ། འོན་ཀྱང་ཁོས་དེ་དག་གིས་རྗེས་འདེད་ཡོང་།
༢༠ ཨ་ཤེར་ནས་བཅུད་ཅན་གྱི་ཁ་ཟས་འབྱུང་ཡོང་། རྒྱལ་པོ་རྣམས་ལ་གསོལ་རྒྱུ་ཞིམ་པོ་སྦྱོར་བར་འགྱུར་རོ༎
༢༡ ནབ་ཐ་ལི་ནི་ཤ་མོ་འཁྱམ་པོ་ཡིན། ཚིག་སྙན་པོ་གླེང་བར་བྱེད།
༢༢ ཡོ་སེབ་ནི་ཡལ་ག་འབྲས་བུ་ཅན་ཞིག་ཡིན། ཆུ་མིག་མདུན་གྱི་བཟའ་ཤིང་གི་ཡལ་ག་འབྲས་བུ་ཅན་ཞིག་ཡིན། དེའི་ཡལ་ག་རྣམས་རྩིག་པ་ནས་རྒལ་ལོ། ༢༣ མདའ་པ་རྣམས་ཀྱིས་དེ་ལ་རབ་ཏུ་ཁྲོ་དཀྲུགས་ནས། ཁོ་ལ་མདའ་བརྒྱབས་ནས་འཚེ་བར་བྱས། ༢༤ འོན་ཀྱང་དེའི་གཞུ་མོ་ཤེད་ཅན་ལུས། དེའི་ལག་པའི་ཕྲག་པ་ལ་ཡ་ཀོབ་ཀྱི་སྟོབས་པོ་ཆེའི་ཕྱག་གིས་ཤེད་ཅན་མཛད། ཨིས་ར་ཨེལ་གྱི་བྲག་ལས་རྫི་བོ་ཁོང་ཐོན་ཏོ། ༢༥ ཁྱོད་ཀྱི་ཕའི་དཀོན་མཆོག་གིས་ཁྱོད་ལ་སྐྱབས་མཛད་ཡོང་། ཀུན་དབང་གིས་སྟེང་གི་ནམ་མཁའི་བྱིན་རླབས་རྣམས་དང་། འོག་གི་རྒྱ་མཚོའི་གཏིང་གི་བྱིན་རླབས་རྣམས་དང་། ནུ་མ་དང་མངལ་གྱི་བྱིན་རླབས་རྣམས་དང་བྱིན་གྱིས་རློབས་པར་འགྱུར་རོ། ༢༦ ངའི་ཕ་མེས་ཀྱི་བྱིན་རླབས་རྣམས་ལས། ཁྱོད་ཀྱི་ཕའི་བྱིན་རླབས་རྣམས་ལྷག་པར་དྲག་སྟེ། སྔ་མའི་རི་བོ་རྣམས་ཀྱི་མཐའ་མའི་བར་དུ་ཡོ་སེབ་ཀྱི་མགོ་ཐོག་ཡོད་པར་འགྱུར། སྤུན་རྣམས་དང་བྲལ་བར་གྱུར་པའི་སྤྱི་གཙུག་གནས་པར་འགྱུར།
༢༧ བེན་ཡ་མིན་ནི་གསོད་པའི་སྤྱང་ཀི་སྟེ། སྔ་མོ་ལ་ཁོས་བསད་པ་དེ་ནི་ཟ། སྔ་དྲོ་དེས་ཁྱི་ར་བྱས་པ་ཟ། དགོངས་མོར་བཅོམ་ནོར་ལ་བགོ་བཤའ་བྱེད་པར་འགྱུར་རོ༎
༢༨ བཅུ་གཉིས་པོ་དེ་ནི་ཨིས་ར་ཨེལ་གྱི་སྡེ་བཅུ་གཉིས་ཡིན། ཕས་དེ་དག་ལ་ཡང་བསྐྱར་བཀའ་གནང་ཞིང་རང་རང་གི་བྱིན་རླབས་བཞིན་དུ་དེ་དག་བྱིན་གྱིས་བརླབས་སོ། ༢༩ ཡང་དེ་དག་ལ་གསུངས་པ། ད་ང་ངའི་ཕ་མེས་ཀྱི་བརྒྱུད་དང་འཛོམ་རྒྱུ་ཡིན་པས། ང་ཕ་མེས་ཀྱི་རྩར་ཧེད་པ་ཨེབ་རོན་གྱི་ཞིང་ལ་ཡོད་པའི་ཕུག་པ་རུ་དུར་དུ་ཆུག་ཅིག ༣༠ ཕུག་པ་དེ་ཀ་ན་ཨན་ཡུལ་ན་མམ་རེའི་ཐད་དུ་མག་ཕེ་ལཱ་བྱ་བའི་ཞིང་ལ་ཡོད། དེ་ནི་ཨབ་ར་ཧམ་བརྒྱུད་ཀྱི་དུར་ཁྲོད་ཡིན་པའི་ཕྱིར་ཧེད་པ་ཨེབ་རོན་ནས་ཉོས་ནས། ༣༡ དེ་རུ་ཨབ་ར་ཧམ་དང་དེའི་ཆུང་མ་ས་རཱ་དུར་དུ་བཅུག་པ་ཡིན། ཡང་དེ་རུ་ཨི་སཱག་དང་དེའི་ཆུང་མ་རིབ་ཀཱ་དུར་དུ་བཅུག་པ་ཡིན། ངས་དེ་རུ་ལེ་ཨ་ཡང་དུར་དུ་བཅུག་ཡོད། ༣༢ དེ་ལྟར་ཧེད་པའི་བུ་རྣམས་ནས་ཉོས་པའི་ཞིང་ཕུག་པ་དེའོ། ༣༣ ཡང་ཡ་ཀོབ་ཀྱིས་རང་གི་བུ་རྣམས་ལ་བཀའ་གནང་བ་ཟིན་ནས། མལ་སའི་ནང་རང་གི་རྐང་པ་བསྐུམས་ནས། ཚེ་འདས་པ་དང་རང་གི་ཕ་མེས་ཀྱི་བརྒྱུད་དང་འཛོམས་པར་གྱུར་ཏོ༎