༤༨
བྱ་བ་དེ་རྣམས་ཀྱི་རྗེས་ལ། སུ་གཅིག་གིས་ཡོ་སེབ་ལ། གཟིགས་ཤིག ཁྱེད་ཀྱི་ཕ་ནའོ་ཞེས་བཤད་པ་དང་། ཁོ་རང་གི་བུ་མ་ན་ཤེ་དང་ཨེབ་ར་ཨིམ་གཉིས་འཁྲིད་ནས་སོང་ངོ་། ༢ ཡང་གཅིག་གིས་ཡ་ཀོབ་ལ། ཁྱོད་ཀྱི་བུ་ཡོ་སེབ་ཁྱོད་མཇལ་དུ་ཡོང་འདུག་བཤད་པ་དང་། ཨིས་ར་ཨེལ་ཞེ་རུས་སྐྱེད་དེ་མལ་ས་ལ་ཙོག་པུར་བསྡད་དོ། ༣ ཡ་ཀོབ་ཀྱིས་ཡོ་སེབ་ལ་འདི་སྐད་དུ། དཀོན་མཆོག་ཀུན་དབང་ཀ་ན་ཨན་ཡུལ་ན་ལུས་བྱ་བའི་གནས་ལ་ངས་མཐོང་བར་གྱུར་ནས་ང་ལ་བྱིན་རླབས་མཛད་དེ། ༤ ང་ལ་གསུངས་པ། ལྟོས་ཤིག་ངས་ཁྱོད་བརྒྱུད་དང་ལྡན་པར་བྱེད་ཡོང་། ངས་ཁྱོད་སྤེལ་ཏེ་མི་བརྒྱུད་རྣམས་ཀྱི་ཚོགས་སུ་བྱེད་པར་བྱ། ཡུལ་འདི་ཁྱོད་ཀྱི་རྗེས་ལ་ཡོང་བའི་བུ་བརྒྱུད་ལ་རྟག་ཏུ་བདག་པའི་ཕྱིར་གཏོང་བར་འགྱུར་རོ་ཞེས་བཀའ་གནང་ངོ་། ༥ ད་ང་ཁྱོད་ཀྱི་རྩར་མི་སེར་ཡུལ་དུ་མ་ཡོངས་པའི་སྔོན་ལ་ཁྱོད་ལ་མི་སེར་ཡུལ་ན་ཐོབ་པའི་བུ་ཨེབ་ར་ཨིམ་དང་མ་ན་ཤེ་གཉིས་ནི་རུ་བེན་དང་ཤིམ་ཨོན་ངའི་བུ་ཡིན་པ་ལྟར་དེ་དག་ཀྱང་ངའི་བུ་ཡིན་ནོ། ༦ ཁྱོད་ལ་དེ་དག་གི་རྗེས་ལ་འབྱོར་བའི་བུ་བརྒྱུད་དེ་ཁྱོད་ཀྱི་ཡིན་ཏེ། སྤུན་རྣམས་ཀྱི་མིང་བཞིན་དུ་དེ་དག་གི་མིང་རེ་རང་གི་ཐོབ་ཐང་ནང་ན་གཏོགས་པར་དགོས། ༧ ང་ནི་ཕ་དན་ཡུལ་ནས་ཕྱིར་ལོག་པའི་ཚེ། ཀ་ན་ཨན་ཡུལ་དུ་ཨེབ་རད་བྱ་བ་ལ་མ་བསླེབས་པའི་ལམ་བར་ལ་ངའི་ར་ཧེལ་ཤི་ནས། ངས་ཁོ་ཨེབ་རད་་བེད་ལེ་ཧེམ་ཡང་ཟེར་བའི་ཡུལ་གྱི་ལམ་ལ་དུར་དུ་བཅུག་པ་ཡིན་ཞེས་སྨྲས་སོ༎༨ ཡང་ཨིས་ར་ཨེལ་གྱིས་ཡོ་སེབ་ཀྱི་བུ་རྣམས་ལ་བལྟས་ནས། འདི་དག་སུ་ཡིན་དྲིས། ༩ ཡོ་སེབ་ཀྱིས་ཕ་ལ། དཀོན་མཆོག་གིས་འདི་རུ་ང་ལ་གནང་བའི་བུ་རྣམས་ཡིན་ཟེར་ནས། དེས་ནི་ངས་དེ་དག་ལ་བྱིན་རླབས་བྱེད་པའི་ཕྱིར་ངའི་རྩར་ཁྲིད་ཅིག་ཅེས་བཀའ་གནང་ངོ་། ༡༠ ཨིས་ར་ཨེལ་རྒས་པས། དེའི་མིག་གི་ཤེད་ཤོར་ནས་གསལ་པོ་མཐོང་མ་ཐུབ་བོ། ཁོས་ནི་དེ་དག་ཉེ་བར་ཁྲིད་ནས། དེས་ནི་དེ་དག་ལ་ཁ་བསྐྱལ་ཞིང་མགུལ་ནས་ཁྱུད་དོ། ༡༡ ཡང་ཨིས་ར་ཨེལ་གྱིས་ཡོ་སེབ་ལ། ངས་ཁྱོད་ཀྱི་གདོང་མཐོང་བར་མ་བསམས་ཀྱང་། ད་དཀོན་མཆོག་གིས་ངས་ཁྱོད་ཀྱི་བུ་བརྒྱུད་ཀྱང་མཐོང་བར་གནང་བྱུང་སྨྲས་སོ། ༡༢ དེ་ནས་ཡོ་སེབ་ཀྱིས་དེ་དག་དེའི་པུས་མོ་གཉིས་ཀྱི་བར་ལས་བཏོན་ཏེ། རང་གི་གདོང་ས་ལ་བཏུད་དོ། ༡༣ ཡོ་སེབ་ཀྱིས་དེ་གཉིས་ལག་པས་ཁྲིད་དེ། ཨེབ་ར་ཨིམ་རང་གི་གཡས་སུ་ཡ་ཀོབ་ཀྱི་གཡོན་དུ་དང་། མ་ན་ཤེ་རང་གི་གཡོན་དུ་ཨིས་ར་ཨེལ་གྱི་གཡས་སུ་ཉེ་བར་བཞག་གོ། ༡༤ དེ་ནས་ཨེབ་ར་ཨིམ་ནུ་བོ་དེ་ཡིན་ཀྱང་། ཨིས་ར་ཨེལ་ལག་པ་གཡས་པ་བརྐྱང་སྟེ་དེའི་མགོ་ལ་བཞག གཡོན་པ་ནི་མ་ན་ཤེའི་མགོ་ལ་བཞག་གོ། མ་ན་ཤེ་ནི་སྔོན་སྐྱེས་ཡིན་ཀྱང་། ཤེས་ཏེ་རང་གི་ལག་པ་དེ་ལྟར་བཞག ༡༥ དེ་ནས་ཡོ་སེབ་ལ་བྱིན་རླབས་མཛད་ཅིང་སྨྲས་པ། ངའི་ཕ་མེས་ཨབ་ར་ཧམ་དང་ཨི་སཱག་གཉིས་ཀྱིས་དཀོན་མཆོག་གི་ཞལ་ངོའི་མདུན་དུ་སྤྱོད་པ་སྤྱད། ངའི་ཚེ་གང་དེ་རིང་གི་ཉིན་མོའི་བར་དུ་ང་ལ་རྫི་བོ་མཛད་པའི་དཀོན་མཆོག ༡༦ ང་ངན་པ་ཐམས་ཅད་ལས་སྐྱོབ་པའི་ཕོ་ཉ་དེས་ནི་ཁྱེའུ་རྣམས་ལ་བྱིན་རླབས་མཛོད་ཅིག དེ་དག་དང་མཉམ་དུ་ངའི་མིང་དང་ངའི་ཕ་མེས་ཨབ་ར་ཧམ་དང་ཨི་སཱག་གི་མིང་བརྗོད་པར་གྱུར་ཏེ། ས་གཞིའི་གཞུང་ལ་མི་ཚོགས་མང་པོ་ཞིག་ཏུ་འཕེལ་བར་གྱུར་ཅིག་སྨྲས་པ་དང་།
༡༧ ཡོ་སེབ་ཀྱིས་ཕས་ལག་གཡས་པ་ཨེབ་ར་ཨིམ་གྱི་མགོ་ལ་བཞག་པར་མཐོང་ནས་མ་དགའ་སྟེ། ཕའི་ལག་པ་ཨེབ་ར་ཨིམ་གྱི་མགོ་ནས་མ་ན་ཤེའི་མགོ་ལ་འཇོག་པའི་ཕྱིར་བཟུང་ངོ་། ༡༨ ཡོ་སེབ་ཀྱིས་ཕ་ལ། ངའི་ཕ་འདི་ལྟར་མ་མཛད། འདི་ནི་སྔོན་སྐྱེས་ཡིན་པས། དེའི་མགོ་ལ་ལག་གཡས་པ་ཞོག་ཅིག་སྨྲས་སོ། ༡༩ ཕ་མ་ཉན་པར་དེ་ལ། ངའི་བུ་ངས་ཤེས། ངས་ཤེས། འདི་ཡང་མི་བརྒྱུད་ཅིག་ཏུ་གྱུར་ཏེ་ཆེན་པོ་འགྱུར་ཡོང་། ཡིན་ཀྱང་དེའི་ནུ་བོ་ནི་དེ་ལས་ཆེན་པོར་འགྱུར་བ་དང་མི་བརྒྱུད་རྣམས་ཀྱི་ཚོགས་སུ་འགྲོ་བར་འགྱུར་རོ་ཞེས་བཀའ་གནང་ངོ་། ༢༠ དེའི་ཉིན་མོ་ལ་ཁོས་དེ་དག་ལ་བྱིན་རླབས་བྱས་ཏེ་འདི་སྐད་དུ། དཀོན་མཆོག་གིས་ཁྱོད་ཨེབ་ར་ཨིམ་དང་མ་ན་ཤེ་ལྟར་མཛད་པར་ཤོག་ཅིག ཨིས་ར་ཨེལ་པས་འདི་ལྟར་བྱིན་གྱིས་རློབས་པའི་སྐབས་སུ་ཟེར་ཡོང་སྨྲས་སོ། ཅེས་ཁྱོད་ཀྱིས་རྐྱེན་བྱས་ཏེ་དེ་ལྟར་ཁོས་མ་ན་ཤེ་ལས་ཨེབ་ར་ཨིམ་ཆེན་པོར་བྱས་སོ། ༢༡ དེ་ནས་ཨིས་ར་ཨེལ་གྱིས་ཡོ་སེབ་ལ་སྨྲས་པ། ད་ང་འཆི་ཡང་། དཀོན་མཆོག་ཁྱོད་དང་འགྲོགས་ཏེ་ཕ་མེས་ཀྱི་ཡུལ་དུ་ཕྱིར་འཁྲིད་པར་འགྱུར། ༢༢ ཡང་ངས་ཁྱོད་ཀྱི་སྤུན་རྣམས་ལས་ཐེབ་ཁྱོད་ལ་ས་ཆ་ཞིག་བཏང་ཡོང་། གང་ལ་ཟེར་ན། ངས་ངའི་རལ་གྲི་དང་ངའི་གཞུ་ཡིས་ཨ་མོར་པའི་ལག་པ་ནས་བླངས་པ་དེ་ཡིན་ནོ༎