༤༧
དེ་ནས་ཡོ་སེབ་ཕར་ཨོའི་སྐུ་མདུན་དུ་ཕྱིན་ནས། ཁོས་དེ་ལ། ངའི་ཕ་དང་ངའི་སྤུན་རྣམས་ལུག་ཕྱུགས་དང་དེ་དག་ལ་ཡོད་པ་ཐམས་ཅད་དང་བཅས་པ་ཀ་ན་ཨན་ཡུལ་ནས་ཡོངས་ཏེ་ད་གོ་ཤེན་ལྗོངས་ལ་འདུག་གོ་ཞེས་ཞུས་སོ།  ཡང་རང་གི་སྤུན་རྣམས་ཀྱི་ནང་ནས་ལྔ་ཁྲིད་དེ་ཕར་ཨོའི་དྲུང་དུ་ཁྱེར་ཏོ།  དེ་ནས་ཕར་ཨོས་སྤུན་རྣམས་ལ། ཁྱོད་ཅག་གི་ལས་ཀ་ཅི་ཡིན་དྲིས་ནས། དེ་དག་གིས་ཕར་ཨོ་ལ། ཁྱེད་ཀྱི་བྲན་རྣམས་རྫི་བོ་ཡིན། དེ་ལྟར་ངེད་ཀྱི་ཕ་མེས་ཀྱང་ཡོད་པ་ཡིན་ཞེས་ཞུས་སོ།  ཡང་ཕར་ཨོ་ལ། ངེད་ཡུལ་ན་མི་ཡན་དུ་གནས་པའི་ཕྱིར་ཡོངས། ཀ་ན་ཨན་ཡུལ་ན་མུ་གེ་ཆེ་སྟེ་ཁྱེད་ཀྱི་བྲན་རྣམས་ལ་ཡོད་པའི་ལུག་ཕྱུགས་ལ་ཟ་རྒྱུ་མེད་པས། ཁྱེད་ཀྱི་བྲན་རྣམས་གོ་ཤེན་ཡུལ་དུ་གནས་པར་གནང་དུ་གསོལ་ཞུས་སོ།  ཕར་ཨོས་ཡོ་སེབ་ལ། ཁྱོད་ཀྱི་ཕ་དང་ཁྱོད་ཀྱི་སྤུན་རྣམས་ཁྱོད་ཀྱི་རྩར་ཡོངས་ཏེ།  ད་ཁྱོད་ཀྱི་མདུན་དུ་མི་སེར་ཡུལ་གྱི་སྒོ་ཕྱེ་སྟེ་ཡུལ་གྱི་ས་ཆ་ཀུན་ལས་བཟང་པོ་ན་ཁྱོད་ཀྱི་ཕ་དང་ཁྱོད་ཀྱི་སྤུན་རྣམས་གནས་ཆུག་ལ། དེ་དག་གོ་ཤེན་ཡུལ་དུ་གནས་པར་བྱོས་ཤིག་དང་། ཁྱེད་ཀྱིས་དེ་དག་གི་ནང་ན་མི་གོ་ཆོད་རྣམས་ཡོད་པར་ཤེས་ན། ངའི་ལུག་ཕྱུགས་ཀྱི་དཀོར་དཔོན་ལ་སྐོས་ཤིག་ཅེས་བཀའ་གནང་ངོ་༎
 དེ་ནས་ཡོ་སེབ་ཕ་ཡ་ཀོབ་ནང་དུ་ཁྲིད་ནས་ཕར་ཨོ་ཡི་སྐུ་མདུན་དུ་ཁྲིད་པ་དང་། ཡ་ཀོབ་ཀྱིས་ཕར་ཨོ་ལ་བྱིན་རླབས་བྱས་སོ།  ཡང་ཕར་ཨོས་ཡ་ཀོབ་ལ། ཁྱོད་ཀྱི་ཚེའི་ལོ་གང་ཙམ་ཡིན་དྲིས་སོ།  ཡ་ཀོབ་ཀྱིས་ཕར་ཨོ་ལ། ངའི་ཚེའི་ལོ་བརྒྱ་དང་སུམ་ཅུ་ཡིན། ང་ཕར་ཚུར་རྒྱུ་བའི་ཚེའི་ལོ་ཉུང་ངུ་དང་སྡུག་བསྔལ་ཅན་ཡོད་པ་ཡིན། ངའི་ཕ་མེས་ཀྱི་ཚེ་ཚད་དང་མི་འདྲའོ་ཞེས་ཞུས་སོ། ༡༠ ཡ་ཀོབ་ཀྱིས་ཕར་ཨོ་ལ་བྱིན་རླབས་བྱས་ཏེ་ཕར་ཨོ་ཡི་དྲུང་ནས་སོང་ངོ་། ༡༡ དེའི་རྗེས་ལ་ཡོ་སེབ་ཕར་ཨོས་བཀའ་གནང་བ་བཞིན་དུ་རང་གི་ཕ་དང་རང་གི་སྤུན་རྣམས་ལ་གཞིས་འཛིན་པའི་གནས་བཏང་ཞིང་། མི་སེར་ཡུལ་གྱི་ས་ཆ་ཀུན་ལས་བཟང་པོ་ར་ཨེམ་སེས་བྱ་བའི་ཡུལ་འཁོར་གནས་སར་བདག་ཏུ་བཏང་ངོ་། ༡༢ ཡང་ཡོ་སེབ་རང་གི་ཕ་དང་རང་གི་སྤུན་རྣམས་དང་ཕའི་ཁང་པའི་མི་ཐམས་ཅད་རེ་རེའི་ནང་མིའི་གྲངས་བཞིན་དུ་ཁ་ཟས་སྦྱོར་བར་བྱས་སོ༎
༡༣ མུ་གེ་ཤིན་ཏུ་ཆེ་བས། ཡུལ་ཐམས་ཅད་ན་ཟ་རྒྱུ་ཅིའང་མེད་དེ་མུ་གེ་དྲག་པོས་རྐྱེན་བྱས་ཏེ་མི་སེར་ཡུལ་དང་ཀ་ན་ཨན་ཡུལ་གཉིས་པོ་འཕུང་བར་གྱུར་ཏོ། ༡༤ ཡོ་སེབ་ཀྱིས་ཁོ་རྣམས་ལ་གྲོ་ནས་བཙོངས་ཤིང་། མི་སེར་ཡུལ་དང་ཀ་ན་ཨན་ཡུལ་ན་ཡོད་པའི་དངུལ་ཐམས་ཅད་བསྡུས་ནས་ཕར་ཨོའི་མཁར་ལ་ཁྱེར་ཏོ། ༡༥ དངུལ་ཐམས་ཅད་ཟད་ཚར་ནས་མི་སེར་པ་རྣམས་ཡོ་སེབ་ཀྱི་རྩར་བྱུང་སྟེ་ང་ཚོ་ལ་ཁ་ཟས་གནོང་ཞིག ཅིའི་ཕྱིར་ང་ཚོ་ཁྱེད་ཀྱི་མདུན་དུ་ཤི་དགོས། དངུལ་ཟད་ཟིན་ཏེ་མེད་ཅེས་སྨྲས་སོ། ༡༦ ཡོ་སེབ་ཀྱིས། དངུལ་ཟིན་ན་ཁྱོད་ཅག་གི་དུད་འགྲོ་ཁྱེར་ཤོག དུད་འགྲོའི་ཕྱིར་ངས་ཁྱོད་ལ་གཏང་ཡོང་། ༡༧ དེ་དག་གིས་དུད་འགྲོ་ཡོ་སེབ་ཀྱི་རྩར་ཁྲིད་པ་དང་། ཡོ་སེབ་ཀྱིས་རྟ་དང་། ལུག་ཕྱུགས་དང་། བོང་བུ་རྣམས་ཀྱི་ཚབ་ཏུ་དེ་དག་ལ་ཁ་ཟས་སྟེར་ཞིང་། དུད་འགྲོའི་ཕྱིར་ལོ་དེའི་རིང་ལ་ཁ་ཟས་སྦྱར་རོ། ༡༨ ལོ་དེ་རྫོགས་ནས། ལོ་རྟིང་མ་ལ་དེ་དག་ཁོའི་རྩར་བྱུང་སྟེ་དེ་ལ། ང་ཚོའི་དངུལ་དང་ནོར་ཕྱུགས་ཇོ་བོ་ལ་ཕུལ་ཚར་ནས། ང་རྣམས་ཀྱི་ལུས་དང་ཞིང་རྣམས་མ་གཏོགས་པར་རྫས་གང་ཡང་མ་ལུས་པས། དེ་ངེད་ཀྱིས་ཇོ་བོ་ལ་གསང་མི་ཐུབ། ༡༩ ཅིའི་ཕྱིར་ངེད་ཁྱེད་ཀྱི་མིག་གིས་མཐོང་ས་ལ་ཤི། ངེད་ཀྱི་ཞིང་ཡང་སྟོངས་ཡོང་། ཁ་ཟས་ཀྱི་ཕྱིར་ངེད་དང་ངེད་ཀྱི་ཞིང་ཉོས་ཤིག དེ་ནས་ངེད་དང་ངེད་ཀྱི་ཞིང་ཕར་ཨོ་ལ་བདག་པར་འགྱུར། ང་ཚོ་མ་ཤི་སྟེ་གསོན་པོར་ལུས་པ་དང་། ཞིང་མི་སྟོངས་པའི་ཕྱིར་ང་ཚོ་ལ་ས་བོན་གནོང་ཞིག་ཅེས་ཞུས་སོ༎
༢༠ དེ་ལྟར་ཡོ་སེབ་ཀྱིས་ཕར་ཨོའི་ཕྱིར་མི་སེར་ཡུལ་ཚང་མ་ཉོས། མུ་གེས་མི་སེར་པ་རྣམས་དྲག་པོར་མནར་པས། རེ་རེས་རང་གི་ཞིང་བཙོངས་སོ། དེ་ལྟར་ཞིང་ཐམས་ཅད་ཕར་ཨོ་ལ་ཐོབ་བོ། ༢༡ མི་རྣམས་ལ་བལྟས་ཏེ་ཁོས་མི་སེར་ཡུལ་གྱི་ས་མཚམས་ཀྱི་མགོ་ནས་མཇུག་དེ་དག་གྲོང་ཁྱེར་རྣམས་སུ་བསྡུས་སོ། ༢༢ བླ་མ་རྣམས་ཀྱི་ཞིང་འབའ་ཞིག་མ་ཉོས་སོ། ཅི་ལ་ཟེར་ན། སྔར་སྲོལ་བཞིན་ཕར་ཨོས་བླ་མ་རྣམས་ལ་ཕོགས་གནང་། ཕར་ཨོས་དེ་དག་ལ་ཕོགས་གནང་བ་དེ་དག་གིས་ཟོས་སོ། དེའི་ཕྱིར་རང་གི་ཞིང་མ་བཙོངས་སོ། ༢༣ དེ་ནས་ཡོ་སེབ་ཀྱིས་མི་རྣམས་ལ། ལྟོས་ཤིག ངས་དེ་རིང་གི་ཞག་ལ་ཁྱེད་དང་ཁྱེད་ཀྱི་ཞིང་ཕར་ཨོ་ལ་བདག་པའི་ཕྱིར་ཉོས་པས། ཞིང་ལ་ས་བོན་འདེབས་པའི་ཕྱིར་གྲོ་ནས་ལེན་ཞིག ༢༤ ལོ་ཐོག་ལ་བལྟས་ཏེ་འདི་ལྟར་བྱ། ཁྱེད་ལྔ་ཆ་གཅིག་ཕར་ཨོ་ལ་འབུལ། ཞིང་གི་ས་བོན་དང་། ཁྱེད་ཀྱི་ཁང་པ་རྣམས་ཀྱི་ནང་མི་དང་། ཁྱེད་ཀྱི་ཕྲུ་གུ་རྣམས་ཟ་བའི་ཕྱིར་ལྔ་ཆ་བཞི་ཁྱེད་ཚོའི་ཡིན་པར་འགྱུར་རོ་ཞེས་སྨྲས་སོ། ༢༥ དེ་དག་གིས། ཁྱོད་ཀྱིས་ང་ཚོའི་སྲོག་བསྐྱབས་པས། ཇོ་བོས་ང་ཚོ་ལ་ཐུགས་རྗེས་གཟིགས་མཛོད། ང་ཚོ་ཕར་ཨོའི་གཉའ་ཡལ་དུ་འགྱུར་འོང་ཞུས་སོ། ༢༦ དེ་ལྟར་ཡོ་སེབ་ཀྱིས་ཕར་ཨོ་ལ་ལྔ་ཆ་གཅིག་འབུལ་བའི་ཁྲིམས་བྱས་པ་དེ་མི་སེར་ཡུལ་ན་དེ་རིང་གི་བར་དུ་ཡོད་དོ། བླ་མ་རྣམས་ཀྱི་ཞིང་འབའ་ཞིག་ཕར་ཨོའི་ནོར་དུ་མ་གྱུར་ཏོ༎
༢༧ ཨིས་ར་ཨེལ་པ་མི་སེར་ཡུལ་ན་ཡོད་པའི་གོ་ཤེན་གྱི་ཡུལ་འཁོར་ལ་གནས་ཏེ། དེ་དག་གིས་དེར་ནོར་བྱས་ཏེ་བརྒྱུད་འཕེལ་ནས་ཤིན་ཏུ་མང་པོ་རྒྱས་སོ། ༢༨ ཡ་ཀོབ་ལོ་བཅུ་བདུན་མི་སེར་ཡུལ་ན་གནས་སོ། དེ་ལྟར་ཡ་ཀོབ་ཀྱི་ཚེ་ཚད་ནི་ལོ་བརྒྱ་དང་བཞི་བཅུ་ཞེ་བདུན་ནོ༎
༢༩ ཡང་ཨིས་ར་ཨེལ་ཤི་བའི་དུས་ཉེ་བས། ཁོས་ཡོ་སེབ་བོས་ནས་དེ་ལ། ད་ང་ལ་ཁྱོད་ཀྱི་མིག་གི་མདུན་ལ་བཀའ་དྲིན་ཐོབ་པ་ཡིན་ན། ཁྱོད་ཀྱི་ལག་པ་ངའི་དཔྱིའི་འོག་ཏུ་ཞོག་ལ། ཁྱོད་ཀྱིས་ང་མི་སེར་ཡུལ་ན་དུར་དུ་མི་འཇུག་པའི་བཀའ་དྲིན་དང་སེམས་དྲང་པོ་ང་ལ་བྱོས་ཤིག ༣༠ ང་ཕ་མེས་རྣམས་དང་ལྷན་ཅིག་གཉིད་ལོག་པའི་ཕྱིར་ང་མི་སེར་ཡུལ་ནས་ཁྱེར་ལ་དེ་དག་གི་དུར་ཁྲོད་དུ་ང་དུར་དུ་ཆུག་ཅིག་སྨྲས་ནས། དེས་ནི། ཁྱེད་ཀྱིས་སྨྲས་པ་བཞིན་དུ་ངས་བྱེད་པར་བྱའོ་སྨྲས་ནས། ༣༡ ཕས་ད་མནའ་བོར་ཞིག་སྨྲས་ནས། དེས་མནའ་བོར་རོ། དེ་ནས་ཨིས་ར་ཨེལ་གྱིས་མལ་སའི་སྔས་མགོའི་ཕྱོགས་སུ་ཕྱག་བཙལ་ལོ༎