༤༦
དེ་ནས་ཨིས་ར་ཨེལ་རང་གི་ཡིན་པ་ཐམས་ཅད་དང་བཅས་སུ་ཆས་པ་དང་། བེ་ཨེར་ཤེ་བཱ་རུ་ཕྱིན་ནས་ཕ་ཨི་སཱག་གི་དཀོན་མཆོག་ལ་གནས་དེ་རུ་མཆོད་པ་རྣམས་ཕུལ་ལོ།  ཡང་མཚན་མོའི་དུས་སུ་དཀོན་མཆོག་གིས་ཞལ་གཟིགས་ཀྱི་ནང་ཨིས་ར་ཨེལ་ལ། ཡ་ཀོབ་་ཡ་ཀོབ། དེས་ཞུས་པ། ང་འདི་རུ་ཡོད།  ཁོང་གིས་གསུངས་པ། ང་ནི་དཀོན་མཆོག་ཡིན། ཁྱོད་ཀྱི་ཕའི་དཀོན་མཆོག་ཡིན། ཁྱོད་མི་སེར་ཡུལ་དུ་འགྲོ་བར་མ་འཇིགས་ཤིག ངས་དེ་རུ་ཁྱེད་མི་བརྒྱུད་ཆེན་པོ་ཞིག་ཏུ་བྱེད་པར་འགྱུར།  ང་ཁྱོད་དང་མཉམ་དུ་མི་སེར་ཡུལ་དུ་སོང་ནས། བདེན་པར་འདི་རུ་ལོག་འཁྲིད་པར་བྱ། ཡང་ཡོ་སེབ་རང་གི་ལག་པ་ཁྱོད་ཀྱི་མིག་ལ་གཞག་ཡོང་གསུངས་སོ།  དེའི་རྗེས་ལ་ཡ་ཀོབ་་བེ་ཨེར་ཤེ་བཱ་ནས་སོང་སྟེ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཕར་ཨོས་བཏང་བའི་ཤིང་རྟ་རྣམས་ལ་ཕ་ཡ་ཀོབ་དང་། ཕྲུ་གུ་རྣམས་དང་། བཟའ་ཟླ་རྣམས་ཞོན་པར་བསྐྱོན་ཏེ།  ཀ་ན་ཨན་ཡུལ་ན་བྱོར་པའི་ལུག་ཕྱུགས་དང་རྫས་རྣམས་མཉམ་དུ་འཁྲིད་དེ། ཡ་ཀོབ་རང་གི་བུ་བརྒྱུད་ཐམས་ཅད་དང་བཅས་པ་མི་སེར་ཡུལ་དུ་ཕྱིན་ནོ།  ཁོའི་བུ་རྣམས་དང་། དེ་དག་གི་བུ་རྣམས་དང་། བུ་བརྒྱུད་ཐམས་ཅད་མི་སེར་ཡུལ་དུ་མཉམ་པོ་ཁྲིད་དོ༎
 མི་སེར་ཡུལ་དུ་ཡོངས་པའི་ཨིས་ར་ཨེལ་གྱི་བུ་རྣམས་ཟེར་ན་ཡ་ཀོབ་དང་དེའི་བུ་རྣམས་ཀྱི་མིང་འདི་རྣམས་སོ། ཡ་ཀོབ་ཀྱི་སྔོན་སྐྱེས་ནི་རུ་བེན  རུ་བེན་གྱི་བུ་རྣམས་ནི་ཧ་ནོག་དང་། ཕལ་ལུ་དང་། ཧེས་རོན་དང་། ཀར་མི་དང་བཞིའོ། ༡༠ ཤིམ་ཨོན་གྱི་བུ་རྣམས་ནི་ཡེ་མུ་ཨེལ་དང་། ཡ་མིན་དང་། ཨོ་ཧད་དང་། ཡ་ཀིན་དང་། ཚོ་ཧར་དང་། ཀ་ན་ཨན་མའི་བུ་ཤ་ཨུལ་དང་དྲུག་གོ། ༡༡ ལེ་ཝི་ཡི་བུ་རྣམས་ནི་གེར་ཤོན་དང་། ཀོ་ཧད་དང་། མེ་རཱ་རི་དང་གསུམ་མོ། ༡༢ ཡ་ཧུ་དཱ་ཡི་བུ་རྣམས་ནི་ཨེར་དང་། ཨོ་ནན་དང་། ཤེ་ལཱ་དང་། ཕེ་རེས་དང་། སེ་རག་དང་ལྔའོ། འོན་ཀྱང་ཨེར་དང་ཨོ་ནན་གཉིས་ཀ་ན་ཨན་ཡུལ་ན་ཤིའོ། ཕེ་རེས་ཀྱི་བུ་རྣམས་ནི་ཧེས་རོན་དང་། ཧ་མུལ་དང་གཉིས་སོ། ༡༣ ཨི་ས་གར་གྱི་བུ་རྣམས་ནི་ཐོ་ལཱ་དང་ཕུ་ཝཱ་དང་། ཡོབ་དང་། ཤིམ་རོན་དང་བཞིའོ། ༡༤ ཟེ་བུ་ལོན་གྱི་བུ་རྣམས་ནི་སེ་རེད་དང་། ཨེ་ལོན་དང་། ཡ་ལེ་ཨེལ་དང་གསུམ་མོ། ༡༥ དེ་དག་ནི་ཕ་དན་ཨ་རམ་ཡུལ་ན་ཡ་ཀོབ་ལ་ལེ་ཨ་ནས་བྱོར་བའི་བུ་རྣམས་ཡིན། བུ་མོ་དི་ནཱ་དང་བཅས་པའོ། ཁོའི་བུ་རྣམས་དང་བུ་མོ་རྣམས་ཀྱི་སེམས་ཐམས་ཅད་ཀྱི་གྲངས་སུམ་ཅུ་སོ་གསུམ་མོ། ༡༦ ཡང་གད་ཀྱི་བུ་རྣམས་ནི་ཚིབ་ཡོན་དང་། ཧ་ཀི་དང་། ཤུ་ནི་དང་། ཨེས་བོན་དང་། ཨེ་རི་དང་། ཨ་རོ་དཱི་དང་། ཨ་རེ་ལི་དང་བདུན་ནོ། ༡༧ ཨ་ཤེར་གྱི་བུ་རྣམས་ནི་ཡིམ་ནཱ་དང་། ཡི་ཤ་ཝཱ་དང་། ཡི་ཤ་ཝི་དང་། བེ་རི་ཡཱ་དང་། སྲིང་མོ་སེ་རག་དང་ལྔའོ། བེ་རི་ཡཱའི་བུ་རྣམས་ནི་ཧེ་བེར་དང་། མལ་ཀི་ཨེལ་དང་གཉིས་སོ། ༡༨ དེ་དག་ནི་ལ་བན་གྱིས་རང་གི་བུ་མོ་ལེ་ཨ་ལ་བཏང་བའི་ཟིལ་པཱའི་བུ་རྣམས་ཡིན། ཡ་ཀོབ་ལ་དེ་དང་བར་ལ་བྱོར་བའི་གྲངས་ནི་བཅུ་དྲུག་གོ། ༡༩ ཡ་ཀོབ་ཀྱི་ཆུང་མ་ར་ཧེལ་གྱི་བུ་རྣམས་ནི་ཡོ་སེབ་དང་བེན་ཡ་མིན་གཉིས་སོ། ༢༠ ཡོ་སེབ་ལ་མི་སེར་ཡུལ་ན་ཨོན་ཡུལ་གྱི་བླ་མ་ཕོ་ཏི་ཕེ་རཱའི་བུ་མོ་ཨས་ནད་ནས་མ་ན་ཤེ་དང་ཨེབ་ར་ཨིམ་གཉིས་བྱོར། ༢༡ བེན་ཡ་མིན་གྱི་བུ་རྣམས་ནི་བེ་ལཱ་དང་། བེ་ཀེར་དང་། ཨས་བེལ་དང་། གེ་རཱ་དང་། ན་ཨ་མཱན་དང་། ཨེ་ཧི་དང་། རོ་ཤཱ་དང་། མུ་ཕིམ་དང་། ཧུ་ཕིམ་དང་། ཨ་རཱད་དང་བཅུའོ། ༢༢ དེ་དག་ནི་ཡ་ཀོབ་ལ་ར་ཧེལ་དང་བར་ལ་བྱོར་བའི་བུ་རྣམས་ཡིན། གྲངས་ནི་བཅུ་བཞིའོ། ༢༣ དཱན་གྱི་བུ་རྣམས་ནི་ཧུ་ཤིམ་གཅིག་གོ། ༢༤ ནབ་ཐ་ལི་ཡི་བུ་རྣམས་ནི་ཡ་ཚེ་ཨེལ་དང་། གུ་ནི་དང་། ཡེ་ཚེར་དང་། ཤིལ་ལེམ་དང་བཞིའོ། ༢༥ དེ་དག་ནི་ལ་བན་གྱིས་རང་གི་བུ་མོ་ར་ཧེལ་ལ་བཏང་བའི་བིལ་ཧཱ་ཡི་བུ་རྣམས་ཡིན། ཡ་ཀོབ་ལ་ཁོ་དང་བར་ལ་བྱོར་པ་ཐམས་ཅད་ཀྱི་གྲངས་ནི་བདུན་ནོ། ༢༦ ཡ་ཀོབ་ཀྱི་བུ་རྣམས་ཀྱི་ཆུང་མ་རྣམས་མ་གཏོགས་པར་ཡ་ཀོབ་ཀྱི་དཔྱི་ནས་བྱུང་བའི་མི་ཁོ་དང་མཉམ་དུ་མི་སེར་ཡུལ་དུ་སོང་བ་ཐམས་ཅད་ཀྱི་གྲངས་ནི་དྲུག་ཅུ་རེ་དྲུག་གོ། ༢༧ ཡོ་སེབ་ལ་མི་སེར་ཡུལ་ན་བྱོར་བའི་བུ་རྣམས་གཉིས་སོ། ཡ་ཀོབ་ཀྱི་ཁང་པའི་མི་རྣམས་མི་སེར་ཡུལ་དུ་ཡོངས་པའི་གྲངས་ནི་བདུན་ཅུའོ༎
༢༨ ཡང་ཁོས་རང་གི་སྔོན་ལ་ཡ་ཧུ་དཱ་་ཡོ་སེབ་ཀྱི་རྩར་བཏང་ངོ་། གང་ལ་ཟེར་ན། ཁོ་ལ་གོ་ཤེན་ལ་གནས་ས་སྟོན་པའི་ཕྱིར་རོ། དེ་ནས་ཁོ་རྣམས་གོ་ཤེན་ལྗོངས་སུ་བསླེབས་སོ། ༢༩ ཡོ་སེབ་ཤིང་རྟ་ལ་ཞོན་ཏེ་ཕ་ཨིས་ར་ཨེལ་བསུ་བར་གོ་ཤེན་དུ་བྱོན། དེ་རུ་ཁོ་དང་ཕྲད་ནས། དེའི་མགུལ་ནས་འཁྱུད་ཅིང་ཡུན་རིང་ཞིག་ངུས་སོ། ༣༠ ཨིས་ར་ཨེལ་གྱིས་ཡོ་སེབ་ལ་སྨྲས་པ། ད་ཁྱོད་གསོན་པོ་ཡིན་ཏེ་ང་ཁྱོད་ཀྱི་གདོང་མཐོང་ནས། ད་ང་ཤི་བར་དགའོ། ༣༡ ཡང་ཡོ་སེབ་ཀྱིས་སྤུན་རྣམས་དང་ཕའི་གཞིས་མད་ལ་སྨྲས་པ། ང་ཕར་ཨོའི་སྐུ་མདུན་དུ་སོང་ནས་འདི་བཤད་ཅིང་ཟེར་བ་བྱ། ངའི་སྤུན་རྣམས་དང་ངའི་ཕའི་གཞིས་མད་ཀ་ན་ཨན་ཡུལ་ལ་གནས་ནས་ངའི་དྲུང་དུ་ཡོངས། ༣༢ མི་དེ་རྣམས་རྫི་བོའི་ལས་བྱེད་ཅིང་དུད་འགྲོ་འབད་མཁན་ཡིན། ནོར་ཕྱུགས་དང་དེ་དག་གི་རྫས་ཐམས་ཅད་མཉམ་དུ་ཁྲིད་ནས་འདུག་ཅེས་ཞུ་བར་བྱ། ༣༣ དེ་ནས་ཕར་ཨོས་ཁྱོད་ཅག་བོས་ནས། ཁྱེད་ཀྱི་ལས་ཚན་གང་ཡིན་བཀའ་འདྲི་མཛད་ན། ༣༤ དེ་ནས་ཁྱེད་ཅག་གིས། ཁྱེད་ཀྱི་བྲན་རྣམས་ཕྲུ་གུའི་དུས་ནས་ད་ལྟའི་བར་དུ་ཡང་དུད་འགྲོ་འབད་མཁན་ཡིན། དེ་ལྟར་ཕ་མེས་ཀྱང་ཡོད་པ་ཡིན་ཞེས་ཞུས་ཤིག དེ་ནས་ཁྱོད་ཅག་གོ་ཤེན་ལྗོངས་ལ་གནས་པར་འགྱུར་རོ། གང་ལ་ཟེར་ན། རྫི་བོ་ཐམས་ཅད་ལ་མི་སེར་པ་རྣམས་ཀྱིས་ཞེན་ལོག་གོ།