༤༥
དེ་ནས་ཡོ་སེབ་འཁོར་ཐམས་ཅད་ཀྱི་མདུན་དུ་བཟོད་མི་ཐུབ་པར་གྱུར་ནས། མི་ཚང་མ་ཕྱི་རུ་སོང་ཞིག་ཅེས་བཀའ་གནང་ངོ་། ཡོ་སེབ་རང་སུ་ཡིན་སྤུན་རྣམས་ལ་མངོན་པར་བྱེད་ཙམ་ན་མི་སུ་ཡང་ཡོ་སེབ་དང་མཉམ་དུ་མེད་དོ། ༢ ཁོང་ངུ་སྐད་ཆེན་པོས་ངུ་བས་མི་སེར་པ་རྣམས་ཀྱིས་ཀྱང་ཐོས། ཕར་ཨོ་ཡི་ཁབ་ཀྱི་མི་རྣམས་ཀྱིས་ཀྱང་ཐོས་སོ། ༣ ཡོ་སེབ་ཀྱིས་སྤུན་རྣམས་ལ། ང་ནི་ཡོ་སེབ་ཡིན། ད་རུང་ཕ་ཡང་གསོན་ནམ་དྲིས་ནས། སྤུན་རྣམས་དེའི་ངོའི་མདུན་དུ་ཧ་ཅང་སྤུ་ཟིང་བར་གྱུར་ཏེ་ལན་ཞུ་མ་བཏུབ་བོ། ༤ ཡོ་སེབ་ཀྱིས་སྤུན་རྣམས་ལ། ད་ངའི་དྲུང་དུ་ཚུར་ཤོག་སྨྲས་ནས། དེ་དག་དྲུང་དུ་ཡོངས་པ་དང་། ཁོང་གིས་ཁྱོད་ཅག་གིས་མི་སེར་ལ་བཙོངས་པའི་ཁྱེད་ཅག་གི་སྤུན་ཡོ་སེབ་ནི་ང་ཡིན། ༥ ད་ཁོང་འཁྲུགས་མ་བྱེད་ལ། ཁྱེད་ཚོས་ང་འདི་རུ་བཙོངས་པའི་ཕྱིར་ཁྱེད་ཀྱི་མིག་མ་འབབ་ཅིག སྲོག་སྐྱོབ་པའི་ཕྱིར་དཀོན་མཆོག་གིས་ང་ཁྱེད་ཀྱི་སྔོན་ལ་འདི་རུ་བཏང་བར་མཛད་དོ། ༦ ལོ་འདི་གཉིས་ལ་ཡུལ་ན་མུ་གེ་ཡོད་པ་ཡིན། ད་རུང་ལོ་ལྔ་མ་རྫོགས་པའི་བར་དུ་རྨོ་བ་ཡང་མེད་ལོ་ཐོག་ཡང་མི་ཡོང་། ༧ ཁྱེད་ས་ལ་འཚོ་བའི་ཕྱིར་དུ་སྐྱོང་བ་དང་། ཐར་ཐབས་ཆེན་པོ་ཞིག་ནས་ཚེ་ཐར་དུ་འཇུག་པའི་ཆེད་དུ་དཀོན་མཆོག་གིས་ང་ཁྱེད་ཀྱི་སྔོན་དུ་མངགས་སོ། ༨ དེ་བས་ན་ང་འདི་རུ་བཏང་མཁན་ནི་ཁྱེད་མ་ཡིན་ཏེ་དཀོན་མཆོག་ཡིན། ཁོང་གིས་ང་ཕར་ཨོ་ཡི་ཕ་དང་དེའི་མཁར་ཚང་མའི་དཔོན་པོ་དང་། མི་སེར་ཡུལ་ཐམས་ཅད་ཀྱི་མངའ་བདག་བྱེད་དུ་བཅུག་གོ། ༩ ད་ངའི་ཕའི་རྩར་རྒྱུག་ཅིག་དང་དེ་ལ་སྨྲོས་ཤིག ཁྱོད་ཀྱི་བུ་ཡོ་སེབ་ཀྱིས་འདི་སྐད་དུ། དཀོན་མཆོག་གིས་ང་མི་སེར་ཡུལ་ཐམས་ཅད་ཀྱི་མངའ་བདག་ཏུ་བཅུག་པས་མ་འགོར་བར་ངའི་རྩར་ཤོག་ཅིག ༡༠ ཁྱོད་གོ་ཤེན་ཡུལ་དུ་གནས་ཤིང་ཁྱོད་རང་དང་ཁྱོད་ཀྱི་བུ་རྣམས་དང་ཁྱོད་ཀྱི་ཚ་བོ་རྣམས་དང་། ལུག་ཕྱུགས་དང་ཁྱོད་ཀྱི་ཡིན་པ་ཐམས་ཅད་ང་དང་ཉེ་མོ་གནས་པར་འགྱུར། ༡༡ མུ་གེའི་ལོ་ལྔ་མ་རྫོགས་པའི་བར་དུ་ངས་ཁྱོད་ལ་འཚོ་བ་སྦྱོར་བ་དང་། ཁྱོད་རང་དང་ཁྱོད་ཀྱི་ཁང་པའི་མི་དང་ཁྱོད་ཀྱི་ཡིན་པ་ཐམས་ཅད་ཟས་སྐོམ་མི་ཐོབ་པ་ལས་སྐྱོབ་པར་བྱའོ་ཞེས་ཟེར་ཞིག ༡༢ ལྟོས་ཤིག་ཁྱེད་གཏམ་བྱེད་པའི་ཁ་ནི་ངའི་ཁ་ཡིན་པ་དེ་ཁྱེད་ཚོའི་མིག་གིས་མཐོང་། ངའི་སྤུན་བེན་ཡ་མིན་གྱི་མིག་གིས་ཀྱང་མཐོང་ངོ་། ༡༣ ཡང་མི་སེར་ཡུལ་ན་ང་ལ་ཡོད་པའི་དཔལ་ཐམས་ཅད་དང་། ཁྱེད་ཀྱིས་མཐོང་བ་ཐམས་ཅད་ཕ་ལ་ཤོད་ཅིག་དང་། ངའི་ཕ་མ་འགོར་བར་འདི་རུ་འཁྲིད་ཤོག་ཅེས་སྨྲས་སོ། ༡༤ དེ་ནས་ཁོས་སྤུན་བེན་ཡ་མིན་མགུལ་ནས་འཁྱུད་ཅིང་ངུས། བེན་ཡ་མིན་ཡང་དེ་ལ་འཁྱུད་དེ་ངུས་སོ། ༡༥ ཁོང་གིས་སྤུན་ཐམས་ཅད་ལ་ཡང་ཁ་བསྐྱལ་ཏེ་ངུས་སོ། དེའི་རྗེས་ལ་སྤུན་རྣམས་ཀྱིས་ཁོང་ལ་གཏམ་བྱས་སོ༎༡༦ ཕར་ཨོ་ཡི་མཁར་ལ་ཡོ་སེབ་ཀྱི་སྤུན་རྣམས་ཡོངས་པའི་གཏམ་ཐོས་ནས། ཕར་ཨོ་དང་དེའི་འཁོར་གཡོག་རྣམས་དགའ་བར་གྱུར་ཏོ། ༡༧ ཕར་ཨོས་ཡོ་སེབ་ལ། ཁྱོད་ཀྱི་སྤུན་རྣམས་ལ་འདི་བཞིན་དུ་བྱོས་ཤིག དེ་དག་ལ་ཁལ་མ་རྣམས་ལ་ཁལ་ཁོལ་ཞིག་དང་ཀ་ན་ཨན་ཡུལ་དུ་སོང་ནས། ༡༨ ཁྱེད་ཀྱི་ཕ་དང་ཁྱེད་ཀྱི་གཞིས་མད་རྣམས་ཁྲིད་དེ་འདི་རུ་ངའི་རྩར་ཤོག ངས་མི་སེར་ཡུལ་གྱི་མཆོག་ཁྱེད་ཚོ་ལ་སྟེར་བ་དང་། ཁྱེད་ཅག་གིས་ཡུལ་གྱི་རྩི་བཅུད་དེ་ཟ་བར་འགྱུར་ཞེས་སྨྲོས་ཤིག ༡༩ ཁྱོད་ལ་དགོངས་པ་ཐོབ་ཚར་བས་དེ་དག་ལ་ཁྱོད་ཀྱིས་འདི་ལྟར་བྱོས་ཤིག མི་སེར་ཡུལ་ནས་ཕྲུ་གུ་དང་བཟའ་ཟླ་རྣམས་ཀྱི་ཕྱིར་ཤིང་རྟ་རྣམས་ཁྱེར་ཏེ་ཕ་ཁྲིད་ཤོག ༢༠ ཁྱེད་ཁང་པའི་རྫས་ལ་མ་ཚེར། མི་སེར་ཡུལ་ན་མཆོག་ཡིན་པ་དེ་ཁྱེད་ལ་འབྱུང་ཡོང་ཟེར་བ་དང་།
༢༡ ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་ལྟར་བྱས་སོ། ཡོ་སེབ་ཕར་ཨོས་བཀའ་གནང་བ་བཞིན་དུ་དེ་དག་ལ་ཤིང་རྟ་རྣམས་དང་ལམ་རྒྱགས་བཏང་ངོ་། ༢༢ དེ་ཐམས་ཅད་ལ་གོས་ཟུང་རེ་རེ་བསྟེར་ཏོ། བེན་ཡ་མིན་ལ་ཁོང་གིས་དངུལ་སུམ་བརྒྱ་དང་གོས་ཟུང་ལྔ་བསྟེར་རོ། ༢༣ ཡང་ཁོང་གིས་རང་གི་ཕ་ལ་བསྐུར་པ་རྣམས་འདི་ལྟར་རོ། མི་སེར་ཡུལ་གྱི་བཟང་ནོར་བཀལ་བའི་བོང་བུ་བཅུ་དང་། གྲོ་ནས་བཀལ་བའི་བོང་མོ་བཅུ་དང་། ཕའི་ཕྱིར་ལམ་རྒྱགས་ལ་བག་ལེབ་དང་ཁ་ཟས་ཀྱང་བསྐུར་རོ། ༢༤ དེ་ལྟར་ཁོས་སྤུན་རྣམས་འགྲོ་བཅུག་ཅིང་དེ་དག་ལ་སྨྲས་པ། ལམ་ལ་གཅིག་དང་གཅིག་མ་འཛིང་ཞིག ༢༥ དེ་དག་མི་སེར་ཡུལ་ནས་སོང་བ་དང་། ཀ་ན་ཨན་ཡུལ་དུ་ཕ་ཡ་ཀོབ་ཀྱི་རྩར་བསླེབས་སོ། ༢༦ ཡང་དེ་དག་གིས་ཁོང་ལ། ཡོ་སེབ་ནི་ད་རུང་གསོན་པོ་ཡོད། མི་སེར་ཡུལ་ཐམས་ཅད་ཀྱི་མངའ་བདག་ཡིན་ཅེས་བཤད་ནས། དེའི་སྙིང་དྲན་མེད་པར་གྱུར་ཏེ་ཡིད་མ་ཆེས་སོ། ༢༧ དེ་ནས་དེ་དག་གིས་ཡོ་སེབ་ཀྱིས་ཅི་དང་ཅི་སྨྲས་པའི་གཏམ་ཐམས་ཅད་བཤད་དེ། ཡོ་སེབ་ཀྱིས་ཕ་ཞོན་པའི་ཕྱིར་བསྐུར་བའི་ཤིང་རྟ་རྣམས་མཐོང་ནས། ཡ་ཀོབ་ཀྱི་སེམས་དྲན་སོས་པར་གྱུར་ཏེ། ༢༨ ཨིས་ར་ཨེལ་གྱིས་ད་དུང་ངའི་བུ་ཡོ་སེབ་གསོན་པོ་ཡིན་པས་ཆོག ང་མ་ཤི་གོང་དུ་སོང་ནས་ཁོ་མཐོང་བར་འགྱུར་སྨྲས་སོ༎