ཡང་ལེ་ཝིའི་བརྒྱུད་ཀྱི་མི་ཞིག་སོང་ནས་ལེ་ཝིའི་བུ་མོ་ཞིག་བག་མར་བླངས་སོ།  བུད་མེ་དེ་མངལ་དང་ལྡན་པར་གྱུར་ནས་བུ་ཞིག་སྐྱེས། དེས་ཁོ་ཕྲུ་གུ་མཛེས་པ་ཞིག་ཡིན་པར་མཐོང་ནས་ཟླ་བ་གསུམ་གྱི་བར་དུ་སྦས་བཞག་གོ།  དེ་ནས་ད་རུང་ཐེབ་སྦ་མ་ཐུབ་པ་དང་། ཁོས་སྨྱུག་མའི་གཟེབ་མ་ཞིག་བྱས་ནས། སྤོས་དཀར་དང་བྲག་ཞུན་བསྐུས་ཏེ་ཕྲུ་གུ་ནང་དུ་བཅུག་ནས་གཙང་པོའི་འགྲམ་ལ་འདམ་བུའི་གསེབ་ཏུ་བཞག་གོ།  དེའི་སྲིང་མོ་ཁོ་ལ་ཅི་འབྱུང་ཡོང་ལྟ་བའི་ཕྱིར་རྒྱང་མར་བསྡད་དོ༎
 ཡང་ཕར་ཨོ་ཡི་སྲས་མོ་ཁྲུས་བྱེད་དུ་གཙང་པོའི་འགྲམ་ལ་ཡོངས་པ་དང་། དེའི་ཞལ་ཏ་མ་རྣམས་གཙང་པོའི་འགྲམ་ལ་འགྲུལ་བ་དང་། སྲས་མོས་འདམ་བུའི་གསེབ་ལ་ཡོད་པའི་གཟེབ་མ་དེ་མཐོང་སྟེ་ཞལ་ཏ་མ་ཞིག་ལེན་དུ་བཏང་ངོ་།  དེའི་ཁ་ཕྱེས་པ་དང་ཕྲུ་གུ་དེ་མཐོང་། བུ་དེ་ངུ་ཡིན་ཡོད་པས། སྙིང་རྗེ་སྐྱེད་དེ། འདི་ནི་ཨིབ་རི་པའི་ཕྲུ་གུ་རྣམས་ལས་གཅིག་ཡིན་སྨྲས་སོ།  དེ་ནས་དེའི་སྲིང་མོས་ཕར་ཨོའི་སྲས་མོ་ལ། ང་སོང་སྟེ་ནུ་མ་སྣུན་པའི་ཨིབ་རི་མ་ཞིག་ཕྲུ་གུ་འདི་ལ་ནུ་མ་བླུད་པའི་ཕྱིར་ཤོག་ཟེར་རམ་སྨྲས་ནས།  ཕར་ཨོའི་སྲས་མོས་ད་སོང་ཞིག་ཟེར་བ་དང་། བུ་མོ་དེ་སོང་སྟེ་ཕྲུ་གུའི་ཨ་མ་བོས་སོ།  ཕར་ཨོའི་སྲས་མོས་དེ་ལ། ངའི་དོན་དུ་ཕྲུ་གུ་འདི་ལ་ནུ་མ་སྟེར་བའི་ཕྱིར་ཁྱེར་ཞིག་དང་། ངས་ཁྱོད་ལ་གླ་གཏང་ངོ་སྨྲས་ནས། མོས་ཕྲུ་གུ་ལ་ནུ་མ་སྟེར་བའི་ཕྱིར་བླངས་སོ། ༡༠ ཕྲུ་གུ་ཆེར་སྐྱེས་ནས་མོས་ཁོ་ཕར་ཨོའི་སྲས་མོའི་རྩར་ཁྲིད་ནས་དེའི་བུ་ལ་གྱུར་ཏོ། ངས་ཁོ་ཆུ་ནས་བཏོན་པ་ཡིན་ཟེར་ནས། དེས་ཁོའི་མིང་མོ་ཤེ་བཏགས་སོ༎
༡༡ དུས་དེ་ཙམ་ན་མོ་ཤེ་ན་ཚོད་ལོན་པའི་ཚེ་ན་ཁོ་རང་གི་སྤུན་རྣམས་ཀྱི་རྩར་ཕྱི་རུ་སོང་བ་དང་། དེ་དག་གི་དཀའ་སྡུག་རྣམས་ལ་བལྟས་པ་ལས། མི་སེར་པ་ཞིག་གིས་སྤུན་ཨིབ་རི་པ་ཞིག་ལ་རྡུང་བར་མཐོང་ངོ་། ༡༢ ཁོས་ཕན་ཚུན་དུ་བལྟས་ཏེ་མི་སུ་ཡང་མ་མཐོང་བས། མི་སེར་པ་དེ་བསད་ནས། བྱེ་མའི་ནང་ན་སྦས་སོ། ༡༣ ཡང་དེའི་རྟིང་མ་ཞག་ལ་ཁོ་ཡང་ཕྱི་རུ་སོང་ནས་ཨིབ་རི་པ་གཉིས་གཅིག་ལ་གཅིག་འཛིང་མོ་བྱེད་པར་མཐོང་བས་སྐྱོན་ཅན་དེ་ལ། ཁྱོད་རང་གི་གྲོགས་པོ་ཅིའི་ཕྱིར་རྡུང་སྨྲས་སོ། ༡༤ དེ་ན་རེ། ང་རྣམས་ལ་དཔོན་པོའམ་ཁྲིམས་དཔོན་བྱེད་དུ་ཁྱོད་ལ་དབང་སུས་བསྐུར། མི་སེར་པ་བསད་པ་ལྟར་ང་ཡང་གསད་པར་བསམ་མམ་ཟེར་བས། མོ་ཤེ་འཇིགས་ཏེ་བྱ་བ་དེ་ངོ་ཐོག་རྒྱུས་སོང་བ་ཡིན་སྨྲས་སོ། ༡༥ ཕར་ཨོས་བྱ་བ་དེ་ཐོས་པའི་ཚེ་མོ་ཤེ་གསད་པར་བསམས་སོ། འོན་ཀྱང་མོ་ཤེ་ཕར་ཨོའི་དྲུང་ནས་བྲོས་པ་དང་། མིད་ཨན་ཡུལ་དུ་ཕྱིན་ཏེ་དེ་རུ་ཁྲོན་པ་ཞིག་གི་རྩར་བསྡད་དོ༎
༡༦ མིད་ཨན་ཡུལ་གྱི་བླ་མ་ལ་བུ་མོ་བདུན་ཡོད་པ་དེ་དག་ཡོངས་ནས་ཆུ་བཅུས་ཏེ་ཕའི་ལུག་རྣམས་ལ་ཆུ་བླུད་པའི་ཕྱིར་གཞོང་པ་རྣམས་བཀང་ངོ་། ༡༧ ཡང་ལུག་རྫི་རྣམས་ཡོངས་ཏེ་དེ་དག་བསྐྲད་དོ། མོ་ཤེ་ལངས་ནས་དེ་དག་གི་གྲོགས་བྱས་ཏེ་ལུག་རྣམས་ལ་ཆུ་བཏང་ངོ་། ༡༨ ཡང་དེ་དག་ཕ་རེ་གུ་ཨེལ་གྱི་རྩར་ཡོངས་པ་དང་ཕས། དེ་རིང་ཁྱེད་འདི་ཙམ་མགྱོགས་པ་འོང་བའི་རྒྱུ་ཅི་ཡིན་སྨྲས། ༡༩ དེ་དག་གིས། མི་སེར་པ་ཞིག་གིས་ངེད་རྫི་བོ་རྣམས་ཀྱི་ལག་པ་ལས་བསྐྱབས་ནས་གྲོགས་བྱས་ནས་ངེད་ཀྱི་ཕྱིར་ཆུ་བཅུས་ཏེ་ལུག་རྣམས་ལ་བླུད་དོ། ༢༠ དེས་བུ་མོ་རྣམས་ལ། མི་དེ་ག་ན་ཡོད། ཅིའི་ཕྱིར་ཁོ་བོར་བ་ཡིན། ཟན་ཟ་བའི་ཕྱིར་ཁོ་ལ་ཤོག་ཟེར་ཞེས་ཟེར་ཏོ། ༢༡ མོ་ཤེ་མི་དེ་དང་མཉམ་དུ་གནས་པར་དགའ་སྟེ། ཁོས་རང་གི་བུ་མོ་ཚིབ་ཕོ་རཱ་བྱ་བ་མོ་ཤེ་ལ་བག་མར་བཏང་ངོ་། ༢༢ དེ་ལ་བུ་ཞིག་སྐྱེས་ནས་ཁོས་དེའི་མིང་གེར་ཤོན་ཞེས་བཏགས། ཅི་ལ་ཟེར་ན། ང་ནི་གཞན་ཡུལ་ནང་རྒྱལ་ཁམས་པ་ཞིག་ཡིན་ཞེས་སྨྲས་པའི་ཕྱིར་རོ༎
༢༣ དེ་ནས་དུས་ཡུན་རིང་ཞིག་སོང་བ་དང་མི་སེར་ཡུལ་གྱི་རྒྱལ་པོ་དེ་ཤི། ཨིས་ར་ཨེལ་གྱི་བུ་རྣམས་ཚེ་གཡོག་བྱེད་དགོས་སྟབས་ཀྱིས་ཤུགས་ནར་བྱེད་ཅིང་ངུ་འབོད་བཏོན་ནས། ཚེ་གཡོག་གི་རྐྱེན་གྱིས་དེ་དག་གི་ངུ་སྐད་ནི་དཀོན་མཆོག་གི་སྐུ་མདུན་དུ་བསླེབས་སོ། ༢༤ ཡང་དཀོན་མཆོག་གིས་དེ་དག་གི་སྡུག་སྐད་གསན་ཏེ། དཀོན་མཆོག་གིས་ཨབ་ར་ཧམ་དང་། ཨི་སཱག་དང་ཡ་ཀོབ་དང་མཛད་པའི་ཞལ་ཆད་ཐུགས་ལ་དྲན་ནས། ༢༥ དཀོན་མཆོག་ཨིས་ར་ཨེལ་གྱི་བུ་རྣམས་ལ་གཟིགས་ནས། ཁོང་གིས་དེ་དག་གི་གནས་ཚུལ་མཁྱེན་ཏོ༎