༣
མོ་ཤེས་སྒྱུག་པོ་མིད་ཨན་གྱི་བླ་མ་ཡེ་ཏྲོ་བྱ་བའི་ལུག་འཚོ་སྟེ། ལུག་རྣམས་འབྲོག་སྟོང་གི་ཕར་ཕྱོགས་སུ་ཁྲིད་ནས་དཀོན་མཆོག་གི་རི་བོ་ཧོ་རེབ་ཀྱི་བར་དུ་ཕྱིན་ནོ། ༢ དེར་ཡ་ཧོ་ཝཱའི་ཕོ་ཉ་ཚེར་མ་མེ་ལྕེ་འབར་བ་ཞིག་གི་དཀྱིལ་ནས་ཁོ་ལ་མཐོང་བར་མཛད་པ་དང་། ཁོས་བལྟས་ནས། ལྟོས་ཤིག ཚེར་མ་ལ་མེ་འབར་ཡང་། ཚེར་མ་མེས་འཚིག་པར་མ་གྱུར་ཏོ། ༣ མོ་ཤེས་ཚེར་མ་མི་ཚིག་པའི་ལྟས་ཆེན་པོ་འདི་མཐོང་བའི་ཕྱིར་དེའི་རྩར་འགྲོ་བར་བྱ་སྨྲས་སོ། ༤ ཡང་ཡ་ཧོ་ཝཱས་ཁོ་ཚུར་ཡོང་བར་གཟིགས་ཏེ། དཀོན་མཆོག་གིས་ཚེར་མའི་དཀྱིལ་ནས་དེ་ལ་མོ་ཤེ། མོ་ཤེ་ཞེས་བཀའ་གནང་ངོ་། དེས་ང་འདི་རུ་ཡོད་ཞུས་པ་དང་། ༥ ཁོང་གིས་གསུངས་པ། འདི་དང་ཉེ་མོ་མ་ཡོང་། ཁྱོད་གང་ན་ཡོད་པའི་གནས་ནི་གནས་དམ་པ་ཞིག་ཡིན་པས། ཁྱོད་ཀྱི་ལྷམ་ཕུད་དེ་སྡོད་ཅིག ༦ སླར་ཡང་ཁོང་གིས་ང་ནི་ཁྱོད་ཀྱི་ཕའི་དཀོན་མཆོག་དང་། ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ཡིན་གསུངས་སོ། མོ་ཤེ་དཀོན་མཆོག་ལ་ལྟ་བར་འཇིགས་བས། རང་གི་གདོང་སྦས་སོ༎༧ ཡང་ཡ་ཧོ་ཝཱས་ངའི་མི་སྡེ་མི་སེར་ཡུལ་ན་ཡོད་པའི་སྡུག་བསྔལ་མཐོང་ཞིང་ཁྲལ་དཔོན་རྣམས་ཀྱི་ཕྱིར་བཏོན་པའི་སྡུག་སྐད་ངས་གསན་ནས་ངས་དེ་དག་གི་དཀའ་སྡུག་མཁྱེན་ནོ། ༨ ངས་དེ་དག་མི་སེར་པ་རྣམས་ཀྱི་ལག་པ་ནས་སྐྱོབ་ཅིང་། ཡུལ་འདི་ནས་ཡུལ་བཟང་ཞིང་རྒྱ་ཆེ་བ་འོ་མ་དང་སྦྲང་རྩིས་གང་བ། ཀ་ན་ཨན་པ་དང་། ཧེད་པ་དང་། ཨ་མོར་པ་དང་། ཕེ་རི་ཟི་པ་དང་། ཧི་ཝི་པ་དང་། ཡེ་བུས་པ་རྣམས་ཀྱི་གནས་སུ་འཁྲིད་པའི་ཕྱིར་ང་མར་འབབ་པ་ཡིན། ༩ ལྟོས་ཤིག ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྡུག་སྐད་ངའི་དྲུང་དུ་བྱུང་། ངས་མི་སེར་པས་དེ་དག་ལ་བྱེད་པའི་མགོ་ནོན་ཡང་ངས་གཟིགས་པ་ཡིན། ༡༠ ཁྱོད་ཀྱིས་ངའི་མི་སྡེ་ཨིས་ར་ཨེལ་གྱི་བུ་བརྒྱུད་མི་སེར་ཡུལ་གྱི་ནང་ནས་འདོན་པའི་ཕྱིར་ད་ངས་ཁྱོད་ཕར་ཨོའི་མདུན་དུ་གཏང་ངོ་། ཞེས་བཀའ་གནང་ངོ་། ༡༡ མོ་ཤེས་དཀོན་མཆོག་ལ། ང་ཕར་ཨོའི་དྲུང་དུ་འགྲོ་བ་དང་ཨིས་ར་ཨེལ་གྱི་བུ་བརྒྱུད་མི་སེར་ཡུལ་གྱི་ནང་ནས་ཕྱི་རོལ་དུ་འཁྲིད་པ་ལ་ང་སུ་ཡིན་ནམ་གསོལ་ཏོ། ༡༢ ཁོང་གིས་གསུངས་པ། ང་ཅིས་ཀྱང་ཁྱོད་དང་འགྲོགས་པར་བྱའོ། ཁྱོད་ཀྱིས་མི་བརྒྱུད་དེ་མི་སེར་ཡུལ་གྱི་ནང་ནས་བཏོན་ཏེ་ཁྱོད་ཅག་གིས་རི་འདི་རུ་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཡོང་། དེ་ནི་ཁྱོད་ལ་ངས་ཁྱོད་བཏང་བའི་རྟགས་སུ་འབྱུང་བར་འགྱུར་ཞེས་བཀའ་གནང་ངོ་༎
༡༣ མོ་ཤེས་དཀོན་མཆོག་ལ། གཟིགས་ཤིག ང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་རྩར་སོང་ནས་དེ་དག་ལ། ཁྱོད་ཅག་གི་ཕ་མེས་ཀྱི་དཀོན་མཆོག་གིས་ང་ཁྱེད་ཀྱི་དྲུང་དུ་མངག་ཞེས་ཟེར་ཏེ། གལ་ཏེ་དེ་དག་གིས་ང་ལ། ཁོང་གི་མཚན་ཅི་སྐད་བྱ་ཟེར་ན། ངས་དེ་དག་ལ་ཅི་ཟེར་དགོས་ཞུས་ནས། ༡༤ དཀོན་མཆོག་གིས་མོ་ཤེ་ལ། ང་ནི་ཡིན་པ་དེ་ང་ཡིན་ཞེས་གསུངས་ནས་ཡང་། ཨིས་ར་ཨེལ་གྱི་བུ་བརྒྱུད་ལ་ཁྱོད་ཀྱིས། ང་ཡིན་གྱིས་ང་ཁྱེད་ཅག་གི་དྲུང་དུ་སྩལ་ཏོ་ཞེས་ཟེར་ཞིག་བཀའ་སྩལ་ཏོ། ༡༥ དེ་ནས་དཀོན་མཆོག་གིས་སླར་ཡང་མོ་ཤེ་ལ། ཨིས་ར་ཨེལ་གྱི་བུ་བརྒྱུད་ལ་སྨྲོས་ཤིག ཡ་ཧོ་ཝཱ་ཁྱེད་ཀྱི་ཕ་མེས་ཀྱི་དཀོན་མཆོག་དང་། ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་དེས་ནི་ང་ཁྱེད་རྣམས་ཀྱི་དྲུང་དུ་སྩལ་ཏོ། དེ་ནི་དུས་གཏན་གྱི་ཕྱིར་ངའི་མཚན་ཡིན་ཏེ། མི་རབས་ནས་མི་རབས་སུ་འདི་ནི་ང་དྲན་བྱ་དེ་ཡིན། ༡༦ ད་སོང་ལ་ཨིས་ར་ཨེལ་པའི་རྒན་པ་རྣམས་བསྡུས་ནས་དེ་དག་ལ། ཡ་ཧོ་ཝཱ་ཁྱེད་ཀྱི་ཕ་མེས་ཀྱི་དཀོན་མཆོག ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ཀྱི་དཀོན་མཆོག་ང་ལ་སྣང་བར་གྱུར་ནས་ཁོང་གིས་ང་ལ། ངས་ཁྱོད་རྣམས་དང་ཁྱོད་རྣམས་ལ་མི་སེར་ཡུལ་ན་ཅི་དང་ཅི་ཕོག་པ་ངེས་པར་མཐོང་ངོ་ཞེས་དེ་དག་ལ་སྨྲོས་ཤིག ༡༧ ཡང་ཁྱེད་མི་སེར་ཡུལ་གྱི་སྡུག་བསྔལ་གྱི་ནང་ནས་ཀ་ན་ཨན་པ་དང་། ཧེད་པ་དང་། ཨ་མོར་པ་དང་། ཕེ་རི་ཟི་པ་དང་། ཧི་ཝི་པ་དང་། ཡེ་བུས་པ་རྣམས་ཀྱི་ཡུལ་འོ་མ་དང་སྦྲང་རྩིས་གང་བ་ཞིག་གི་ནང་དུ་འཁྲིད་པར་བྱའོ་ཞེས་ངས་གསུངས་པ་ཡིན། ༡༨ ཡང་དེ་དག་གིས་ཁྱོད་ཀྱི་བཀའ་ལ་ཉན་ནས། ཁྱོད་དང་ཨིས་ར་ཨེལ་པའི་རྒན་པ་རྣམས་མི་སེར་ཡུལ་གྱི་རྒྱལ་པོའི་དྲུང་དུ་སོང་སྟེ་དེ་ལ། ཡ་ཧོ་ཝཱ་ཨིབ་རི་པའི་དཀོན་མཆོག་ནི་ངེད་རྣམས་དང་ཕྲད་པ་ཡིན། ད་ང་ཚོས་ཡ་ཧོ་ཝཱ་ང་ཅག་གི་དཀོན་མཆོག་ལ་མཆོད་པ་འབུལ་བའི་ཕྱིར་ཞག་གསུམ་གྱི་ལམ་ལ་འབྲོག་སྟོང་དུ་འགྲོ་བར་གནོང་ཞིག་ཞུས་ཤིག ༡༩ འོན་ཀྱང་ཕྱག་མཐུ་ལྡན་གྱི་སྒོ་ནས་མ་གཏོགས་མི་སེར་ཡུལ་གྱི་རྒྱལ་པོས་ཁྱོད་ཅག་འགྲོ་རུ་མི་འཇུག་པ་ངས་མཁྱེན་ནོ། ༢༠ ངས་རང་གི་ཕྱག་བརྐྱངས་ཏེ་ངས་མི་སེར་ཡུལ་ལ་བརྡུང་ཞིང་དེའི་ནང་ན་བྱ་བ་ངོ་མཚར་ཆེ་བ་བྱེད་པར་བྱ། དེ་ནས་ཁོས་ཁྱེད་ཚོ་འགྲོ་འཇུག་པར་འགྱུར་རོ། ༢༡ ངས་ནི་མི་སེར་པས་མི་བརྒྱུད་འདི་ལ་དྲིན་བྱེད་པར་བྱས་ནས། དེ་དག་ཡུལ་ནས་འགྲོ་དུས་སུ་ལག་པ་སྟོང་པར་འགྲོ་མི་ཡོང་། ༢༢ བུད་མེད་རེ་རེས་ཁྱིམ་མཚེས་མ་དང་། རང་གི་ཁྱིམ་གྱི་ནང་ན་གནས་པའི་བུད་མེད་འགྲོན་པོ་ཡིན་པ་ལ་དངུལ་གྱི་རྒྱན་ཆ་དང་གསེར་གྱི་རྒྱན་ཆ་དང་གོས་རྣམས་ཐོང་ཞིག་ཟེར་ནས། ཁྱེད་ཀྱིས་དེ་དག་རང་གི་བུ་དང་བུ་མོ་རྣམས་ལ་བརྒྱན་ཏེ། ཁྱོད་ཅག་གིས་མི་སེར་པ་འཕྲོག་པར་འགྱུར་རོ་གསུངས་སོ༎