ཡང་མོ་ཤེས་ཞུ་ལན་དུ། དེ་དག་ང་ལ་ཡིད་ཀྱང་མི་ཆེས། ངའི་གཏམ་ལའང་ཉན་པར་མི་འགྱུར། དེ་དག་གིས་ཁྱོད་ཀྱིས་ཡ་ཧོ་ཝཱ་མཐོང་བ་མ་ཡིན་ཟེར་ཡོང་ཞེས་གསོལ་ཏོ།  ཡ་ཧོ་ཝཱས་ཁོ་ལ་གསུངས་པ། ཁྱོད་ཀྱི་ལག་པ་རུ་ཅི་ཡོད། ཁོས་དབྱུག་པ་ཡོད་ཞུས་སོ།  ཁོང་གིས་དེ་ས་ལ་ཕོང་ཞིག་བཀའ་སྩལ་ནས། ཁོས་དེ་ས་ལ་ཕངས་པས་དབྱུག་པ་དེ་སྦྲུལ་དུ་གྱུར་ཏེ། མོ་ཤེ་བྲོས་སོ།  ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ལག་པ་བརྐྱངས་ཏེ་དེའི་རྔ་མ་བཟུང་ཞིག་བཀའ་གནང་ནས། ལག་པ་བརྐྱངས་ཏེ་བཟུང་བ་དང་། སྦྲུལ་དེ་དབྱུག་པར་གྱུར་ཏོ།  ཁོང་གིས། ཡ་ཧོ་ཝཱ་དེ་དག་གི་ཕ་མེས་ཀྱི་དཀོན་མཆོག་ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ནི་ཁྱོད་ཀྱིས་མཐོང་བ་ཡིན་ཡིད་ཆེས་པའི་ཕྱིར་རོ་ཞེས་གསུངས་ནས།
 ཡ་ཧོ་ཝཱས་ཡང་སྐྱར་དེ་ལ། ཁྱོད་ཀྱི་ལག་པ་ཨམ་ཕྲག་གི་ནང་དུ་ཆུག་ཅིག་བཀའ་གནང་ངོ་། དེས་རང་གི་ལག་པ་ཨམ་ཕྲག་ནང་དུ་བཅུག་ནས། ཕྱིར་ཕྱུང་ཙ་ན། ལྟོས་ཤིག་ལག་པ་དེ་ལ་ཁ་བ་ལྟར་མཛེ་ནད་བྱུང་ངོ་།  དེ་ནས་ཁོང་གིས་ལག་པ་ཨམ་ཕྲག་གི་ནང་དུ་ཕྱིར་ཆུག་ཅིག་གསུངས་ནས། ལག་པ་ཨམ་ཕྲག་ནང་དུ་ཕྱིར་བཅུག་སྟེ་ཨམ་ཕྲག་ནས་ཡང་ཕྱུང་ཙ་ན་རང་གི་ཤ་ལྟར་ཕྱིར་བྱུང་ངོ་།  དེ་ནས་དཀོན་མཆོག་གིས་འདི་ལྟར་འབྱུང་འོང་། གལ་ཏེ་དེ་དག་གིས་ལྟས་དང་པོའི་ཕྱིར་ཁྱོད་ལ་ཡིད་མ་ཆེས་ཏེ་བཀའ་ལ་མི་ཉན་ན། ལྟས་གཉིས་པའི་ཕྱིར་བཀའ་ལ་ཉན་པར་འགྱུར་རོ།  ཅི་སྟེ་དེ་དག་གིས་ལྟས་འདི་གཉིས་ཀྱི་ཕྱིར་ཁྱོད་ལ་ཡིད་མ་ཆེས་ཏེ་བཀའ་ལ་མི་ཉན་ན། གཙང་པོ་ནས་ཆུ་ཞིག་བཅུས་ཏེ་སྐམ་ས་རུ་བླུགས་ཤིག དེ་ནས་གཙང་པོ་ནས་བཅུས་པའི་ཆུ་སྐམ་ས་རུ་ཁྲག་ཏུ་འགྱུར་བར་འགྱུར་རོ་བཀའ་གནང་ངོ་༎
༡༠ ཡང་མོ་ཤེས་ཡ་ཧོ་ཝཱ་ལ། ཀྱེ་གཙོ་བོ་ང་ངག་དབང་ཅན་མིན་ཏེ། སྔོན་ལའང་མེད་པ་ཡིན། ཁྱེད་ཀྱིས་བྲན་པོ་ང་ལ་བཀའ་གནང་བ་ནས་ཚུན་དུའང་མ་གྱུར། ང་ཁ་མེད་དང་ལྕེ་ལྕི་བ་ཡིན་པའི་ཕྱིར་རོ་ཞེས་གསོལ་ཏོ། ༡༡ ཡང་ཡ་ཧོ་ཝཱས་དེ་ལ། མི་རྣམས་ལ་ཁ་སུས་བཏང་། ལྐུགས་པའམ། འོན་པའམ། མིག་གིས་མཐོང་བའམ། ལོང་བ་སུས་བྱས། ང་ཡ་ཧོ་ཝཱས་མ་མཛད་དམ། ༡༢ དེ་བས་ན་ཁྱོད་སོང་དང་། ང་ཁྱོད་ཀྱི་ཁ་དང་འགྲོགས་ཤིང་ཅི་དང་ཅི་སྨྲ་བར་དགོས་པ་ཁྱོད་ལ་སྟོན་པར་བྱའོ་གསུངས། ༡༣ དེས་ནི་ཀྱེ་གཙོ་བོ་ཁྱེད་ཀྱི་ཐུགས་སུ་འགྲོ་བའི་མི་ཞིག་གནང་བར་མཛད་དུ་གསོལ་ཞུས་པ་དང་། ༡༤ ཡ་ཧོ་ཝཱ་མོ་ཤེ་ལ་ཐུགས་ཁྲོས་ཤིང་དེ་ལ། ལེ་ཝི་པ་ཨ་རོན་ཁྱོད་ཀྱི་ཕུ་བོ་མེད་དམ། ངས་ཁོ་ངག་དབང་ཅན་ཡིན་པ་མཁྱེན་ནོ། ཁོ་རང་ཡང་ཁྱོད་བསུ་བར་འོང་བར་བྱེད་དེ། ཁོས་ཁྱོད་མཐོང་ནས་ཁོའི་སྙིང་དགའ་བར་འགྱུར་ཡོང་། ༡༥ ཡང་ཁྱོད་ཀྱིས་དེ་ལ་གཏམ་བྱེད་ཅིང་དེའི་ཁ་ལ་གཏམ་འཇུག་པར་དགོས། ཡང་ང་ཁྱོད་ཀྱི་ཁ་དང་དེའི་ཁ་དང་འགྲོགས་ནས། ཁྱོད་ཅག་གིས་ཅི་དང་ཅི་བྱེད་དགོས་པ་དེ་ངས་སྟོན་པར་བྱའོ། ༡༦ ཡང་ཁོས་ཁྱོད་ཀྱི་ཚབ་ཏུ་མི་རྣམས་ལ་གཏམ་བྱེད་པར་འགྱུར། ཁོ་ནི་ཁྱོད་ཀྱི་ཕྱིར་ཁ་དང་། ཁྱོད་ཁོའི་ཕྱིར་དཀོན་མཆོག་ལྟ་བུར་འགྱུར་བར་འགྱུར་རོ། ༡༧ ཡང་དབྱུག་པ་འདི་ལག་ཏུ་འཁུར་ནས་ཁྱེར་ཞིག འདི་དང་མཉམ་ཁྱོད་ཀྱིས་ལྟས་རྣམས་སྟོན་པར་འགྱུར་ཞེས་བཀའ་གནང་ངོ་༎
༡༨ དེ་ནས་མོ་ཤེ་སོང་སྟེ་ཆུང་མའི་ཕ་ཡེ་ཏྲོའི་དྲུང་དུ་ཕྱིར་ལོག་ནས་དེ་ལ། ང་མི་སེར་ཡུལ་ན་ཡོད་པའི་སྤུན་རྣམས་གསོན་པོར་ཡོད་དམ་ལྟ་བའི་ཕྱིར་དེ་རྣམས་ཀྱི་དྲུང་དུ་ཕྱིར་ལོག་པར་གནོང་ཞིག་ཅེས་སྨྲས་ཏེ་ཡེ་ཏྲོས་མོ་ཤེ་ལ། ཞི་བདེ་བར་སོང་ཞིག་སྨྲས་སོ། ༡༩ དེའི་ཚེ་མིད་ཨན་ཡུལ་ན་ཡ་ཧོ་ཝཱས་མོ་ཤེ་ལ། ད་མི་སེར་ཡུལ་དུ་ཕྱིར་ལོག་ཅིག་ཁྱོད་གསོད་པར་སེམས་པའི་མི་ཐམས་ཅད་ཤི་སྟེ་མེད་བཀའ་གནང་ངོ་། ༢༠ མོ་ཤེ་ཆུང་མ་དང་བུ་རྣམས་ཁྲིད་དེ་བོང་བུ་རྣམས་ལ་བསྐྱོན་ནས་མི་སེར་ཡུལ་དུ་ཕྱིར་ལོག་གོ། མོ་ཤེས་དཀོན་མཆོག་གི་དབྱུག་པ་ལག་ཏུ་བླངས་སོ། ༢༡ ཡང་ཡ་ཧོ་ཝཱས་མོ་ཤེ་ལ། ཁྱོད་མི་སེར་ཡུལ་དུ་ཕྱིར་ལོག་ནས་ཁྱོད་ཀྱི་ལག་ཏུ་བཞག་པའི་ལྟས་ཐམས་ཅད་ཕར་ཨོ་ཡི་མདུན་དུ་བསྟན་པ་དེ་ཡིད་ལ་ཆོངས་ཤིག ང་རང་གིས་དེའི་སྙིང་སྲ་བར་བྱ་བས་ཁོས་མི་སྡེ་འགྲོར་འཇུག་མི་ཡོང་། ༢༢ ཁྱོད་ཀྱིས་ཕར་ཨོ་ལ། ཡ་ཧོ་ཝཱས་འདི་སྐད་དུ། ཨིས་ར་ཨེལ་ནི་ངའི་སྔོན་སྐྱེས་ཀྱི་བུ་ཡིན་པས། ༢༣ ངས་ཁྱོད་ལ་འདི་ལྟར་སྐྲས་སོ། ངའི་བུ་ངའི་གཡོག་བྱེད་དུ་ཆུག་ཅིག ཇི་སྟེ་ཁྱོད་ཀྱིས་དེ་འགྲོར་མི་འཇུག་ན། ལྟོས་ཤིག་ངས་ཁྱོད་ཀྱི་སྔོན་སྐྱེས་ཀྱི་བུ་གསོད་པར་བྱའོ་ཞེས་སྨྲོས་ཤིག་གསུངས་སོ༎
༢༤ དེ་ནས་ལམ་ལ་ཞག་སྡོད་བྱེད་པའི་གནས་ཤིག་ཏུ་ཡ་ཧོ་ཝཱས་དེ་བཟུང་སྟེ་གསོད་པའི་ཐབས་མཛད་དོ། ༢༥ དེའི་ཚེ་ཚིབ་ཕོ་རཱས་བུའི་མདུན་ལྤགས་རྡོ་གྲི་ཞིག་གིས་བཅད་ནས་དེའི་རྐང་པའི་མདུན་དུ་འཕངས་ཏེ་སྨྲས་པ། ཁྱོད་ངའི་ཕྱིར་ཁྲག་གི་མག་པ་ཞིག་ཡིན་ནོ། ༢༦ དེ་ནས་ཁོང་གིས་དེའི་སྲོག་མ་བཅད་དོ། མོས་དེ་ལ་མདུན་ལྤགས་གཅོད་པའི་ཕྱིར་ཁྱོད་ཁྲག་གི་མག་པ་ཞིག་ཡིན་ནོ་ཞེས་སྨྲས་སོ༎
༢༧ ཡང་ཡ་ཧོ་ཝཱས་ཨ་རོན་ལ། མོ་ཤེ་ལ་བསུ་བར་འབྲོག་སྟོང་དུ་སོང་ཞིག་བཀའ་གནང་ངོ་། དེ་སོང་ནས་དཀོན་མཆོག་གི་རི་ལ་དེ་དང་ཕྲད་དེ་ཁ་བསྐྱལ་ལོ། ༢༨ ཡ་ཧོ་ཝཱས་མོ་ཤེ་བཏང་སྟེ་དེ་ལ་ཅི་བཀའ་གནང་བ་ཐམས་ཅད་དང་། ཁོས་ལྟས་གང་བསྟན་དགོས་པ་ཐམས་ཅད་ཁོས་ཨ་རོན་ལ་བཤད་དོ། ༢༩ མོ་ཤེ་དང་ཨ་རོན་གཉིས་སོང་ནས། ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་རྒན་པོ་ཐམས་ཅད་བསྡུས་ནས། ༣༠ ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པའི་བཀའ་དེ་ཐམས་ཅད་ཨ་རོན་གྱིས་སྨྲས་ཏེ། དེས་ནི་མི་རྣམས་ཀྱི་མིག་གི་མདུན་དུ་ལྟས་བསྟན་ནོ། ༣༡ ཡང་མི་རྣམས་ཡིད་ཆེས་ཏེ་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་བརྒྱུད་ལ་ཐུགས་བརྩེ་བར་དགོངས་ཤིང་དེ་དག་གི་སྡུག་བསྔལ་གཟིགས་པས་མགོ་བཏུད་དེ་ཕྱག་བཙལ་ཏོ༎