ཡང་གལ་ཏེ་མི་ཞིག་གིས་ཞལ་ཟས་ཤིག་ཡ་ཧོ་ཝཱ་ལ་མཆོད་པར་འབུལ་བར་དགའ་ན། དེའི་འབུལ་བ་ནི་རྒྱ་ཞིབ་སྟེ། དེ་ལ་མར་ཁུ་བླུག་པ་དང་སྤོས་དཀར་དེའི་སྟེང་དུ་བཞག་དགོས་སོ།  ཡང་ཨ་རོན་གྱི་བུ་བླ་མ་བྱེད་པ་རྣམས་ལ་འཁྱེར་འོངས་ནས། བླ་མས་རྒྱ་ཞིབ་མར་ཁུ་དང་སྤོས་དཀར་དང་བཅས་པ་སྤར་བ་གང་ཞིག་བླངས་ནས། མཆོད་པའི་སྐལ་བ་དེ་མཆོད་ཁྲིའི་སྟེང་དུ་དྲན་པའི་དོན་དུ་སྦར་བར་དགོས། དེ་ནི་ཡ་ཧོ་ཝཱ་ལ་འབུལ་བའི་དྲི་ཞིམ་གྱི་མཆོད་པའོ།  ཞལ་ཟས་ཀྱི་ལྷག་མ་དེ་ནི་ཡ་ཧོ་ཝཱ་ལ་སྦྱིན་སྲེག་རྣམས་ཀྱི་ནང་ནས་ཀུན་ལས་དམ་པ་ཡིན་པས་ཨ་རོན་བུ་རྣམས་དང་བཅས་པའི་ཡིན་པར་དགོས་སོ༎
 ཡང་གལ་ཏེ་ཐབ་ལ་བརྔོས་པའི་རྫས་ལས་ཞལ་ཟས་ཤིག་འབུལ་བར་དགའ་ན། རྒྱ་ཞིབ་ནས་བྱས་པའི་བག་ལེབ་སྐྱུར་རྩི་མེད་པ་མར་ཁུ་དང་འདྲེས་པ་ཡང་ན་བཞེས་ཁུར་མར་ཁུས་བསྐུས་པ་རྣམས་ཡོད་པར་བྱའོ།  ཡང་གལ་ཏེ་ཁྱོད་ཀྱིས་ཞལ་ཟས་སུ་འབུལ་བ་ནི་སླ་ང་ལ་བརྔོས་པའི་རྫས་ཤིག་ཡིན་ན། རྒྱ་ཞིབ་ཀྱི་མར་ཁུས་བསྐུས་པ་སྐྱུར་རྩི་མེད་པ་ཞིག་ཡོད་པར་དགོས།  དུམ་བུར་ཆོག་ལ་དེ་ལ་མར་ཁུ་བླུགས་ཤིག དེ་ནི་ཞལ་ཟས་ཤིག་ཡིན་ནོ།  ཡང་གལ་ཏེ་ཁྱོད་ཀྱིས་ཞལ་ཟས་སུ་འབུལ་བ་ནི་ཟངས་ནང་བརྔོས་པ་ཞིག་ཡིན་ན་རྒྱ་ཞིབ་མར་ཁུ་དང་འདྲེས་པ་ནས་བྱེད་པར་དགོས།  དེ་ལྟར་བརྔོས་པའི་ཞལ་ཟས་ཡ་ཧོ་ཝཱ་ལ་འབུལ་བ་ནི་བླ་མའི་དྲུང་དུ་འཁྱེར་འོངས་ནས། དེས་དེ་ནི་མཆོད་ཁྲིའི་དྲུང་དུ་འབུལ་བར་དགོས་སོ།  ཡང་བླ་མས་ཞལ་ཟས་ནས་མཆོད་པའི་སྐལ་བ་བླངས་ནས་དེ་དྲན་པའི་དོན་དུ་མཆོད་ཁྲིའི་ཁར་སྦར་བར་དགོས། ཡ་ཧོ་ཝཱ་ལ་དྲི་ཞིམ་གྱི་སྦྱིན་སྲེག་ཞིག་ཡིན་པའི་ཕྱིར་རོ། ༡༠ ཞལ་ཟས་ཀྱི་ལྷག་མ་ནི་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཏུ་འབུལ་བ་རྣམས་ཀྱི་ནང་ནས་ཀུན་ལས་དམ་པ་ཡིན་པས་ཨ་རོན་དེའི་བུ་རྣམས་དང་བཅས་པའི་ཡིན་པར་དགོས་སོ༎
༡༡ ཁྱེད་ཀྱིས་ཡ་ཧོ་ཝཱ་ལ་འབུལ་བའི་ཞལ་ཟས་ཀྱི་མཆོད་པ་གང་ཡང་སྐྱུར་རྩི་དང་ལྡན་པར་མི་རུང་སྟེ། སྐྱུར་རྩི་ཡང་ན་སྦྲང་རྩི་གང་ཡང་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཏུ་འབུལ་བར་མི་རུང་ངོ་། ༡༢ ལོ་ཐོག་གི་ཐོག་ཕུད་ཀྱི་མཆོད་པ་ཡ་ཧོ་ཝཱ་ལ་འབུལ་ཆོག འོན་ཀྱང་མཆོད་ཁྲི་ལ་དེ་དྲི་ཞིམ་གྱི་ཕྱིར་ཡོང་མི་རུང་། ༡༣ ཡང་ཁྱོད་ཀྱིས་མཆོད་པ་ལ་འབུལ་བའི་ཞལ་ཟས་གང་ཡིན་པ་ལ་ཚྭ་འདེབས་པར་དགོས་ཏེ། ཁྱོད་ཀྱི་དཀོན་མཆོག་གི་ཞལ་ཆད་ཀྱི་ཚྭ་ཁྱོད་ཀྱིས་འབུལ་བའི་ཞལ་ཟས་ལ་མ་བཏབ་པར་མ་བྱེད། ཁྱོད་ཀྱིས་ཅི་དང་ཅི་མཆོད་པར་འབུལ་བ་ཚྭ་དང་མཉམ་དུ་འབུལ་བར་དགོས་སོ། ༡༤ ཡང་གལ་ཏེ་ལོ་ཐོག་གི་ཐོག་ཕུད་ཡ་ཧོ་ཝཱ་ལ་ཞལ་ཟས་སུ་འབུལ་བར་དགའ་ན་སྲུས་མེ་ལ་བརྔོས་ནས་མཉེད་པར་བྱས་པའི་འབྲུ་རྣམས་འབུལ་བར་བྱ། དེ་ནི་སྲུས་ཕུད་ཀྱི་འབྲས་བུའི་ཞལ་ཟས་སུ་ཕུལ་ཞིག ༡༥ དེ་ལ་མར་ཁུ་ཡང་བླུག་ལ། སྤོས་དཀར་ཡང་དེའི་སྟེང་དུ་བཞག་དགོས། དེ་ནི་ཞལ་ཟས་འབུལ་བ་ཞིག་ཡིན་ནོ། ༡༦ ཡང་བླ་མས་མཉེད་པར་བྱས་པའི་འབྲུ་རྣམས་དང་མར་ཁུ་སྤོས་དཀར་དང་བཅས་པའི་མཆོད་པའི་སྐལ་བ་དྲན་པའི་དོན་དུ་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཏུ་སྦར་བར་དགོས་སོ༎