༣
ཡང་གལ་ཏེ་མི་ཞིག་གི་འབུལ་བ་ནི་ཞི་བདེའི་མཆོད་པ་ཞིག་ཡིན་ན། ཕྱུགས་ལས་ཕོའམ་མོ་ཞིག་ཡིན་ན། ཡ་ཧོ་ཝཱའི་དྲུང་དུ་སྐྱོན་མེད་པ་ཞིག་འབུལ་བར་དགོས། ༢ ཡང་མཆོད་པར་འབུལ་བྱའི་དུད་འགྲོའི་མགོ་ལ་ཁོས་རང་གི་ལག་པ་བཞག་ནས་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་གསོད་པ་དང་། ཨ་རོན་གྱི་བུ་བླ་མ་བྱེད་པ་རྣམས་ཀྱིས་ཁྲག་མཆོད་ཁྲིའི་མཐའ་འཁོར་ལ་གཡོག་པར་དགོས། ༣ ཡང་ཞི་བདེའི་མཆོད་པ་ལས་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཅིག་འབུལ་བར་དགོས་པ་འདི་ལྟར་རོ། ནང་ཆ་འགེབས་པའི་ཚིལ་དང་རྒྱུ་མའི་ཚིལ་ཐམས་ཅད་དང་། ༤ མཁལ་མ་གཉིས་དེ་དག་གི་ཚིལ་དང་བཅས་པ་རྐེད་པ་ལ་ཡོད་པ་དང་། མཆིན་ཡོལ་དེ་མཁལ་མ་གཉིས་དང་བཅས་སུ་གཅོད་པར་བྱ། ༥ ཡང་ཨ་རོན་གྱི་བུ་རྣམས་ཀྱིས་མཆོད་ཁྲིའི་མེའི་གོང་དུ་བསྒྲིགས་པའི་ཤིང་ལ་བཞག་པའི་སྦྱིན་སྲེག་དེའི་སྟེང་དུ་དེ་སྦར་ཞིང་ཡ་ཧོ་ཝཱ་ལ་དྲི་ཞིམ་གྱི་སྦྱིན་སྲེག་ཏུ་འབུལ་དགོས་སོ༎༦ ཇི་སྟེ་མི་དེའི་འབུལ་བ་ནི་ཞི་བདེའི་མཆོད་པ་ཞིག་ཡིན་པ་ར་ལུག་ལས་ཕོའམ་མོ་ཞིག་ཡིན་ན་སྐྱོན་མེད་པ་ཞིག་འཁྱེར་འོང་བར་དགོས་སོ། ༧ གལ་ཏེ་ལུག་ཅིག་མཆོད་པར་འབུལ་ན་ཡ་ཧོ་ཝཱའི་དྲུང་དུ་འབུལ་བ་དང་། ༨ མཆོད་པར་འབུལ་བྱའི་དུད་འགྲོའི་མགོ་ལ་ལག་པ་བཞག་ནས་འདུན་མའི་གུར་མཆོག་གི་དྲུང་དུ་གསོད་ཅིང་། ཨ་རོན་གྱི་བུ་རྣམས་ཀྱིས་དེའི་ཁྲག་མཆོད་ཁྲིའི་མཐའ་འཁོར་ལ་གཡོག་པར་དགོས་སོ། ༩ ཡང་ཞི་བདེའི་མཆོད་པ་ལས་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཅིག་འབུལ་བར་དགོས་པ་འདི་ལྟར་རོ། ཚིལ་དང་རྔ་མ་ཚིལ་དང་ལྡན་པ་སྒལ་ཚིགས་རང་ནས་བཅད་པ་དང་ནང་ཆ་འགེབས་པའི་ཚིལ་དང་རྒྱུ་མའི་ཚིལ་ཐམས་ཅད་དང་། ༡༠ མཁལ་མ་གཉིས་ཀྱི་ཚིལ་རྐེད་པ་ལ་ཡོད་པ་དང་བཅས་པ་དང་། མཆིན་ཡོལ་དེ་མཁལ་མ་གཉིས་དང་བཅས་སུ་གཅོད་པར་དགོས་སོ། ༡༡ ཡང་བླ་མས་དེ་མཆོད་ཁྲིའི་ཁར་སྦར་བར་བྱ། དེ་ནི་ཡ་ཧོ་ཝཱ་ལ་མེ་དང་བཅས་སུ་ཕུལ་བའི་ཞལ་ཟས་ཡིན་ནོ༎
༡༢ གལ་ཏེ་ཁོའི་འབུལ་བ་ནི་ར་མ་ཞིག་ཡིན་ན། ཡ་ཧོ་ཝཱ་ལ་དེ་འབུལ་བར་དགོས། ༡༣ ཡང་དེའི་མགོ་ལ་རང་གི་ལག་པ་བཞག་ནས་འདུན་མའི་གུར་མཆོག་གི་མདུན་དུ་བསད་ནས། ཨ་རོན་གྱི་བུ་རྣམས་ཀྱིས་དེའི་ཁྲག་མཆོད་ཁྲིའི་མཐའ་འཁོར་ལ་གཡོག་པར་དགོས་སོ། ༡༤ ཡང་མཆོད་པ་དེ་ལས་ཡ་ཧོ་ཝཱའི་ཕྱིར་སྦྱིན་སྲེག་ཅིག་འབུལ་བར་དགོས་པ་འདི་ལྟར་རོ། ནང་ཆ་འགེབས་པའི་ཚིལ་དང་རྒྱུ་མའི་ཚིལ་ཐམས་ཅད་དང་། ༡༥ མཁལ་མ་གཉིས་དེ་དག་གི་ཚིལ་རྐེད་པ་ལ་ཡོད་པ་དང་བཅས་པ་དང་། མཆིན་ཡོལ་དེ་མཁལ་མ་གཉིས་དང་བཅས་སུ་གཅོད་པར་དགོས་སོ། ༡༦ ཡང་བླ་མས་དེ་དག་མཆོད་ཁྲིའི་ཁར་སྦར་བར་དགོས། དེ་ནི་དྲི་ཞིམ་གྱི་ཕྱིར་མེ་མཉམ་ཕུལ་བའི་ཞལ་ཟས་ཡིན། ཚིལ་ཐམས་ཅད་ཡ་ཧོ་ཝཱའི་ཡིན་ནོ། ༡༧ ཚིལ་ལམ་ཁྲག་ཁྱོད་ཀྱི་རྩ་བ་ནས་མ་ཟ་ཞེས་པ་དེ་ནི་ཁྱེད་ཀྱི་གནས་ཁང་ཐམས་ཅད་ལ་བུ་བརྒྱུད་ནས་བུ་བརྒྱུད་ཀྱི་བར་དུ་རྟག་པའི་སྲུང་བྱ་ཞིག་ཡིན་ནོ༎