༤
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ༢ གལ་ཏེ་ཡ་ཧོ་ཝཱས་མ་བྱེད་ཅིག་ཅེས་བཀའ་གནང་བ་རྣམས་ཀྱི་ནང་ནས་སུ་ཞིག་གིས་མ་ཤེས་པར་དེ་དག་ལས་གཅིག་དང་འགལ་ཞིང་སྡིག་པ་བྱེད་ན། ༣ བྱུགས་པས་བྱུགས་པའི་བླ་མས་སྡིག་པ་བྱས་ཏེ་མི་སྡེའི་ཐོག་ཏུ་ཉེས་པ་འདྲེན་ཡོང་ན། དེས་རང་གིས་བྱས་པའི་སྡིག་པའི་དོན་དུ་གླང་ཐུག་སྐྱོན་མེད་པ་ཞིག་ཡ་ཧོ་ཝཱ་ལ་སྡིག་པའི་ཕྱིར་མཆོད་པར་འབུལ་བར་དགོས་སོ། ༤ ཡང་གླང་ཐུག་དེ་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་ཡ་ཧོ་ཝཱའི་དྲུང་དུ་འཁྲིད་པ་དང་། གླང་ཐུག་གི་མགོ་ལ་རང་གི་ལག་པ་བཞག་ནས་ཡ་ཧོ་ཝཱའི་ཞལ་ངོར་གླང་ཐུག་དེ་གསོད་པར་བྱ། ༥ ཡང་བྱུགས་ཀྱིས་བྱུགས་པའི་བླ་མས་གླང་ཐུག་གི་ཁྲག་ནས་བླངས་ནས་འདུན་མའི་གུར་མཆོག་གི་ནང་དུ་འཁྱེར་འོང་བ་དང་། ༦ བླ་མས་རང་གི་མཛུབ་མོ་ཁྲག་གི་ནང་དུ་བཅུག་ནས་ལན་བདུན་ཡ་ཧོ་ཝཱའི་ཞལ་ངོར་དམ་པའི་སྒོ་ཡོལ་གྱི་མདུན་དུ་འགྲེམ་པར་བྱ། ༧ ཡང་བླ་མས་འདུན་མའི་གུར་མཆོག་གི་ནང་ན་ཡོད་པའི་བདུག་སྤོས་དྲི་ཞིམ་བདུག་པའི་མཆོད་ཁྲིའི་རུ་བ་རྣམས་ལ་ཡ་ཧོ་ཝཱའི་དྲུང་དུ་ཁྲག་དེ་ལས་གཡོག་པ་དང་། གླང་ཐུག་གི་ཁྲག་ཐམས་ཅད་འདུན་མའི་གུར་མཆོག་གི་སྒོའི་ཕྱི་རོལ་ན་ཡོད་པའི་སྦྱིན་སྲེག་གི་མཆོད་ཁྲིའི་འགྲམ་དུ་བླུག་པར་དགོས་སོ། ༨ ཡང་སྡིག་པའི་ཕྱིར་ཕུལ་བའི་གླང་ཐུག་གི་ཚིལ་ཐམས་ཅད་ནི་ནང་ཆ་འགེབས་པའི་ཚིལ་དང་རྒྱུ་མའི་ཚིལ་ཐམས་ཅད་དང་། ༩ མཁལ་མ་གཉིས་དེ་དག་གི་ཚིལ་རྐེད་པ་ལ་ཡོད་པ་དང་བཅས་པ་དང་། མཆིན་ཡོལ་དེ་མཁལ་མ་གཉིས་ཀྱི་བར་དུ་བཅད་ནས། ༡༠ ཇི་ལྟར་ཞི་བདེའི་མཆོད་པར་ཕུལ་པའི་གླང་ཐུག་ནས་བླངས་པ་བཞིན་དུ་གླང་ཐུག་འདི་ནས་ཀྱང་བླངས་ནས་བླ་མས་སྦྱིན་སྲེག་གི་མཆོད་ཁྲིའི་ཁར་སྦར་བར་དགོས་སོ། ༡༡ ཡང་གླང་ཐུག་གི་པགས་པ་དང་ཤ་ཐམས་ཅད་མགོ་དང་རྐང་ལག་དང་ལྕི་བ་བཅས་པ། ༡༢ གླང་ཐུག་ཧྲིལ་པོ་ཚོགས་རའི་ཕྱི་རོལ་ཏུ་ས་གནས་མི་གཙང་བ་མེད་པ་ཞིག་ཏུ་འཁྱེར་བར་དགོས། ཐལ་བ་བླུག་པའི་ས་གནས་དེར་ཤིང་གི་སྟེང་དུ་མེས་སྲེག་ཐལ་བླུག་ས་ནས་སྲེག་པར་བྱའོ༎༡༣ ཡང་གལ་ཏེ་ཨིས་ར་ཨེལ་གྱི་ཚོགས་ཐམས་ཅད་ཀྱིས་འགལ་ཁྲུལ་ཞིག་བྱས་པ་དེ་ཚོགས་ཀྱིས་མ་མཐོང་བར་གསང་སྟེ་ཡོད་པ་དང་། ཡ་ཧོ་ཝཱའི་བཀའ་རྒྱ་རྣམས་བཞིན་དུ་སྤྱོད་པར་མི་རུང་བའི་བྱ་བ་ཞིག་སྤྱད་པས་ཉེས་པ་བྱས་ནས། ༡༤ དེ་དག་གིས་བྱས་པའི་སྡིག་པ་མངོན་པར་འགྱུར་ན། ཚོགས་ཀྱིས་གླང་ཐུག་ཅིག་སྡིག་པའི་ཕྱིར་མཆོད་པར་འབུལ་བ་དང་འདུན་མའི་གུར་མཆོག་གི་མདུན་དུ་འཁྱེར་འོང་བར་དགོས། ༡༥ ཡང་ཚོགས་ཀྱི་རྒན་པོ་རྣམས་ཀྱིས་ཡ་ཧོ་ཝཱའི་ཞལ་ངོར་རང་གི་ལག་པ་རྣམས་གླང་ཐུག་གི་མགོ་ལ་བཞག་ནས་ཡ་ཧོ་ཝཱའི་དྲུང་དུ་གླང་ཐུག་གསོད་པར་བྱ། ༡༦ ཡང་བྱུགས་པས་བྱུགས་པའི་བླ་མས་གླང་ཐུག་གི་ཁྲག་ནས་འདུན་མའི་གུར་མཆོག་ཏུ་འཁྱེར་ཡོང་ཞིང་། ༡༧ བླ་མས་རང་གི་མཛུབ་མོ་ཁྲག་ནང་བཅུག་ནས་ཡ་ཧོ་ཝཱའི་ཞལ་ངོར་ལན་བདུན་སྒོ་ཡོལ་གྱི་མདུན་དུ་གཡོག་པར་དགོས། ༡༨ ཡང་ཁྲག་ལས་ཡ་ཧོ་ཝཱའི་དྲུང་དུ་འདུན་མའི་གུར་མཆོག་ལ་ཡོད་པའི་མཆོད་ཁྲིའི་རུ་བ་རྣམས་ལ་གཡོག་པ་དང་ཁྲག་ཐམས་ཅད་འདུན་མའི་གུར་མཆོག་གི་སྒོའི་ཕྱི་རོལ་ན་ཡོད་པའི་སྦྱིན་སྲེག་གི་མཆོད་ཁྲིའི་ཞབས་ལ་བླུག་པར་བྱ། ༡༩ ཡང་དེའི་ཚིལ་ཐམས་ཅད་བླངས་ནས་མཆོད་ཁྲིའི་ཁར་སྦར་བར་དགོས། ༢༠ ཡང་ཇི་ལྟར་སྡིག་པའི་ཕྱིར་ཕུལ་བའི་གླང་ཐུག་ལ་བྱས་པ་དང་འདྲ་བར་གླང་ཐུག་འདི་ལ་ཡང་བྱེད་པར་དགོས། བླ་མས་དེ་དག་གི་ཕྱིར་སྡིག་བཤགས་བྱས་ནས་དེ་དག་ལ་སྡིག་པ་སེལ་བ་ཐོབ་པར་འགྱུར་རོ། ༢༡ ཡང་གླང་ཐུག་ཚོགས་རའི་ཕྱི་རོལ་དུ་ཁྲིད་ནས་སྔར་གྱི་གླང་ཐུག་མེས་སྲེག་ཚུལ་དང་འདྲ་བར་འདི་ཡང་སྲེག་པར་དགོས། དེ་ནི་ཚོགས་ཀྱི་སྡིག་པའི་ཕྱིར་ཕུལ་བའི་མཆོད་པ་ཡིན་ནོ༎
༢༢ ཡང་སྡེ་དཔོན་ཞིག་གིས་འགལ་ཁྲུལ་བྱས་ཤིང་ཡ་ཧོ་ཝཱ་དཀོན་མཆོག་གི་བཀའ་རྒྱ་རྣམས་བཞིན་དུ་བྱ་བ་མི་རུང་བ་ཞིག་མ་ཤེས་པར་སྤྱད་པས་ཉེས་པ་བྱས་ནས། ༢༣ གལ་ཏེ་རང་གིས་བྱས་པའི་སྡིག་པ་རྟོགས་ན་ར་ཐུག་སྐྱོན་མེད་པ་ཞིག་མཆོད་པར་འབུལ་ཞིང་། ༢༤ ར་ཐུག་གི་མགོ་ལ་ཁོས་རང་གི་ལག་པ་བཞག་ནས། ཡ་ཧོ་ཝཱའི་དྲུང་དུ་སྦྱིན་སྲེག་གི་དུད་འགྲོ་གསོད་པའི་གནས་དེ་ན་ར་ཐུག་སྡིག་པའི་ཕྱིར་མཆོད་པར་འབུལ་དུ་གསོད་པར་དགོས་སོ། ༢༥ ཡང་བླ་མས་སྡིག་པའི་ཕྱིར་མཆོད་པར་འབུལ་བའི་ར་ཐུག་གི་ཁྲག་ལས་མཛུབ་མོས་བླངས་ནས་སྦྱིན་སྲེག་གི་མཆོད་ཁྲིའི་རུ་བ་རྣམས་ལ་གཡོག་པ་དང་། ཁྲག་ཐམས་ཅད་ནི་སྦྱིན་སྲེག་གི་མཆོད་ཁྲིའི་ཞབས་ལ་བླུག་པར་བྱའོ། ༢༦ ཡང་ཞི་བདེའི་མཆོད་པའི་ཚིལ་དང་འདྲ་བར་འདིར་ཡང་ཚིལ་ཐམས་ཅད་མཆོད་ཁྲིའི་ཁར་སྦར་བ་དང་བླ་མས་དེའི་ཕྱིར་སྡིག་བཤགས་བྱས་ནས་དེ་ལ་སྡིག་སེལ་ཐོབ་པར་འགྱུར་རོ༎
༢༧ ཡང་མི་སྐྱ་བོ་རྣམས་ལས་སུ་ཞིག་གིས་འགལ་ཁྲུལ་བྱས་ཤིང་ཡ་ཧོ་ཝཱའི་བཀའ་ཁྲིམས་རྣམས་དང་མི་མཐུན་པའི་བྱ་བ་ཞིག་མ་ཤེས་བཞིན་སྤྱད་པས་ཉེས་པ་བྱས་ནས། ༢༨ གལ་ཏེ་རང་གིས་བྱས་པའི་སྡིག་པ་ཁོ་ལ་བཤད་ནས། དེས་རང་གིས་བྱས་པའི་སྡིག་པའི་ཕྱིར་ར་མ་སྐྱོན་མེད་པ་ཞིག་མཆོད་པར་འབུལ་དགོས། ༢༩ ཡང་སྡིག་པའི་ཕྱིར་འབུལ་བའི་ར་མའི་མགོ་རུ་རང་གི་ལག་པ་བཞག་ནས་སྦྱིན་སྲེག་གི་དོན་དུ་འབུལ་བའི་དུད་འགྲོ་གསོད་ས་ལ་གསོད་པར་བྱའོ། ༣༠ ཡང་བླ་མས་མཛུབ་མོས་ཁྲག་ལས་བླངས་ནས་སྦྱིན་སྲེག་གི་མཆོད་ཁྲིའི་རུ་བ་རྣམས་ལ་གཡོག་པ་དང་། ཁྲག་ཐམས་ཅད་ནི་སྦྱིན་སྲེག་གི་མཆོད་ཁྲིའི་ཞབས་ལ་བླུག་པར་དགོས། ༣༡ ཡང་ཞི་བདེའི་མཆོད་པའི་བྱེད་ལུགས་ནང་བཞིན་འདིར་ཡང་ཚིལ་ཐམས་ཅད་སོ་སོར་བཞག་པ་དང་། བླ་མས་དེ་ཚང་མ་མཆོད་ཁྲིའི་ཁར་ཡ་ཧོ་ཝཱ་ལ་དྲི་ཞིམ་གྱི་ཕྱིར་སྦར་བར་བྱའོ། བླ་མས་ཁོའི་ཕྱིར་སྡིག་བཤགས་ཕུལ་ནས། དེ་ལ་སྡིག་སེལ་ཐོབ་པར་འགྱུར་རོ༎
༣༢ ཡང་གལ་ཏེ་ལུག་རྣམས་ལས་སྡིག་པའི་ཕྱིར་མཆོད་པ་ཞིག་འབུལ་ན་ལུ་གུ་མོ་ཡིན་པ་སྐྱོན་མེད་པ་ཞིག་ཡོད་པར་དགོས། ༣༣ ཡང་སྡིག་པའི་ཕྱིར་འབུལ་བའི་ལུག་གུའི་མགོ་རུ་ལག་པ་བཞག་ནས་སྦྱིན་སྲེག་གི་ཕྱིར་ཕུལ་བའི་དུད་འགྲོ་གསོད་སར་གསོད་པར་བྱའོ། ༣༤ ཡང་བླ་མས་སྡིག་པའི་ཕྱིར་ཕུལ་བའི་ལུག་གི་ཁྲག་ལས་མཛུབ་མོས་བླངས་ནས་སྦྱིན་སྲེག་གི་མཆོད་ཁྲིའི་རུ་བ་རྣམས་ལ་གཡོག་པ་དང་། ཁྲག་ཐམས་ཅད་མཆོད་ཁྲིའི་ཞབས་ལ་བླུག་པར་བྱ། ༣༥ ཡང་ཞི་བདེའི་མཆོད་པའི་བྱེད་ལུགས་ནང་བཞིན་འདིར་ཡང་ཚིལ་ཐམས་ཅད་སོ་སོར་བཞག་པ་དང་། བླ་མས་དེ་མཆོད་ཁྲིའི་ཁར་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཏུ་སྦར་བར་བྱ། ཡང་བླ་མས་དེའི་སྡིག་པའི་དོན་དུ་སྡིག་བཤགས་ཕུལ་ནས། དེ་ལ་སྡིག་སེལ་ཐོབ་པར་འགྱུར་རོ༎