༥
ཡང་གལ་ཏེ་མི་ཞིག་གིས་སྡིག་པ་འདི་ལྟར་བྱེད་ན། མནའ་སྐྱེལ་བའི་གཏམ་ཐོས་ནས་ཇི་མཐོང་བའམ་ཤེས་པ་དེ་ལ་རྟེན་ཏེ་དཔང་པོ་མི་བྱེད་ན་དེས་ཉེས་པ་ཞིག་བྱས། ༢ ཡང་ན་མི་ཞིག་གིས་མ་ཤེས་བཞིན་དུ་མི་གཙང་བའི་རྫས་གང་ཡིན་པ་ཟེར་ན། གཅན་གཟན་མི་གཙང་བའི་རོའམ་དུད་འགྲོ་མི་གཙང་བའི་རོའམ་སྲིན་བུ་མི་གཙང་བ་ཞིག་གི་རོ་ལ་རེག་པས་དེས་མི་གཙང་བར་སོང་སྟེ་ཉེས་པ་ཞིག་བྱས་པ། ༣ ཡང་ན་ཁོས་མ་ཤེས་བཞིན་དུ་མི་ལས་བྱུང་བའི་མི་གཙང་བ་གང་ཡང་རུང་བའི་མི་གཙང་བར་བྱེད་པའི་རྒྱུ་ལ་རེག་ན་ཉེས་པ་ཞིག་བྱས་པ། ༤ ཡང་ན་མི་ཞིག་གིས་དྲན་མེད་མནའ་སྐྱེལ་ན་ངན་པའམ་བཟང་པོ་ཞིག་བྱེད་པའི་དོན་དུ་དེའི་ཁ་ལས་མནའ་ཞིག་དྲན་མེད་ལ་ཡིན་པ་དེ་ནམ་ཤེས་ཡོང་བའི་ཚེ་དེ་ལྟ་བུའི་བྱ་བའི་རྐྱེན་གྱིས་ཁོ་ཉེས་པ་ཅན་འགྱུར་འོང་། ༥ དེ་ལྟ་བུའི་བྱ་བ་རྣམས་ཀྱི་ནང་ན་ཉེས་པ་བྱས་ཏེ། དེས་ཉེས་པ་བྱས་པ་དེ་མཐོལ་ནས། ༦ རང་གིས་བྱས་པའི་སྡིག་པའི་ཕྱིར་ཡ་ཧོ་ཝཱ་ལ་ཉེས་པ་སེལ་བའི་དོན་དུ་མཆོད་པ་ཞིག་འབུལ་བར་རུང་སྟེ། ཁྱུ་ལས་ལུག་གམ་ར་མ་མོ་ཞིག་སྡིག་པའི་ཕྱིར་མཆོད་པར་འབུལ་བར་དགོས། ཡང་བླ་མས་དེའི་སྡིག་པ་ལ་བལྟ་སྟེ་སྡིག་བཤགས་བྱེད་པར་འགྱུར་རོ༎༧ ཡང་གལ་ཏེ་མི་དེ་ལ་ལུག་མི་ལྕོགས་ན། རང་གིས་བྱས་པའི་ཉེས་པའི་ཕྱིར་ཐི་བ་གཉིས་སམ་ཕུག་རོན་གཉིས་ཡ་ཧོ་ཝཱ་ལ་འབུལ་བར་བྱ། གཅིག་ནི་སྡིག་པའི་ཕྱིར་འབུལ་བའི་མཆོད་པ་དང་། གཅིག་ནི་སྦྱིན་སྲེག་ཏུ་འབུལ་བར་བྱའོ། ༨ ཡང་བླ་མའི་དྲུང་དུ་འཁྱེར་འོངས་ནས་དེས་སྔར་སྡིག་པའི་ཕྱིར་ཕུལ་བ་དེ་མཆོད་པར་འབུལ་ཞིང་སྐེ་གཅུད་ཅིང་མགོ་མ་གཅོད་ཅིག ༩ ཡང་སྡིག་པའི་ཕྱིར་ཕུལ་བའི་བྱ་དེའི་ཁྲག་ལས་མཆོད་ཁྲིའི་ལོགས་སུ་དབྱུག་པ་དང་། ཁྲག་གི་ལྷག་མ་ལུས་པ་དེ་མཆོད་ཁྲིའི་ཞབས་ལ་འཛག་པར་དགོས། དེ་ནི་སྡིག་པའི་ཕྱིར་ཕུལ་བའི་མཆོད་པ་ཡིན་ནོ། ༡༠ གཞན་མ་དེ་སྦྱིན་སྲེག་གི་ཚུལ་བཞིན་དུ་འབུལ་ཏེ་བླ་མས་མི་དེས་བྱས་པའི་སྡིག་པའི་དོན་དུ་སྡིག་བཤགས་བྱེད་པར་དགོས་པས་དེ་ལ་སྡིག་སེལ་ཐོབ་པར་འགྱུར་རོ༎
༡༡ ཡང་གལ་ཏེ་དེའི་ནོར་ཐི་བ་གཉིས་ཡང་ན་ཕུག་རོན་ཆུང་བ་གཉིས་མི་ལྕོགས་ན། རང་གི་སྡིག་པའི་ཕྱིར་དུ་རྒྱ་ཞིབ་ཨེ་ཕ་གཅིག་གི་བཅུ་ཆ་གཅིག་སྡིག་པའི་ཕྱིར་འབུལ་བ་དེ་འཁྱེར་འོང་དགོས། མར་ཁུ་དེ་ལ་མ་བླུག སྤོས་དཀར་ཡང་མ་འདེབས་ཤིག དེ་ཅིའི་ཕྱིར་ཞེ་ན། སྡིག་པའི་ཕྱིར་འབུལ་བའི་མཆོད་པ་ཡིན་པའི་ཕྱིར་རོ། ༡༢ ཡང་བླ་མའི་དྲུང་དུ་འཁྱེར་འོངས་ནས་བླ་མས་མཆོད་པའི་སྐལ་བ་ཡིན་པ་སྤར་ཚད་གཅིག་དེ་ལས་ལེན་པ་དང་མི་རྗེད་པའི་དོན་དུ་མཆོད་ཁྲིའི་ཁར་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ཏུ་སྦར་དགོས། གང་ལ་ཟེར་ན། དེ་ནི་སྡིག་པའི་ཕྱིར་མཆོད་པ་ཞིག་ཡིན་ནོ། ༡༣ དེ་ལྟར་བླ་མས་མི་དེས་བྱས་པའི་སྡིག་པ་དེ་ལྟ་བུ་དག་གི་ཕྱིར་སྡིག་བཤགས་བྱས་ནས། དེ་ལ་སྡིག་པ་སེལ་བ་ཐོབ་པར་འགྱུར་རོ། དེའི་ལྷག་མ་ནི་ཞལ་ཟས་ཀྱི་མཆོད་པ་དང་འདྲ་བར་དེ་ཡང་བླ་མའི་ཡིན་པར་དགོས་སོ་ཞེས་བཀའ་སྩལ་ཏོ༎
༡༤ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༡༥ གལ་ཏེ་མི་ཞིག་གིས་སྡིག་པ་བྱེད་ཅིང་མ་ཤེས་བཞིན་དུ་ཡ་ཧོ་ཝཱ་ལ་དམ་པར་བྱས་པའི་མཆོད་རྫས་ལ་འགལ་ཁྲུལ་བྱེད་ན། དེའི་ནོངས་པའི་ཕྱིར་ཡ་ཧོ་ཝཱ་ལ་འབུལ་རྒྱུ་ཡིན་པའི་མཆོད་པ་ནི་ཁྱུ་ལས་སྐྱོན་མེད་པའི་ལུག་ཐུག་ཁྱོད་ཀྱིས་རིན་བཅད་པའི་དངུལ་སྲང་བཞིན་མཆོད་ཁང་གི་དངུལ་སྲང་བཞིན་དུ་ནོངས་པ་དེའི་ཕྱིར་མཆོད་པ་འབུལ་བར་དགོས། ༡༦ ཡང་གང་མཆོད་རྫས་ལ་དེས་ལོག་པར་བྱས་པ་དེའི་ཚབ་འཇལ་བ་དང་། དེའི་ལྔ་ཆ་གཅིག་གི་གོང་ཐང་སྣོན་ཏེ་འབུལ་བ་དང་བླ་མ་ལ་བཏད་ནས། བླ་མས་ནོངས་པ་དེའི་ཕྱིར་ཕུལ་བའི་ལུག་ཐུག་གིས་སྡིག་བཤགས་བྱེད་པར་དགོས་པ་དང་། དེ་ལ་སྡིག་པ་སེལ་བ་ཐོབ་པར་འགྱུར་རོ༎
༡༧ ཡང་གལ་ཏེ་མི་ཞིག་གིས་སྡིག་པ་བྱས་ཤིང་ཡ་ཧོ་ཝཱའི་བཀའ་རྒྱ་རྣམས་བཞིན་དུ་སྤྱོད་པར་མི་རུང་བའི་བྱ་བ་ཞིག་མ་ཤེས་ཏེ་བྱས་ཀྱང་། ནོངས་པ་བྱས་པས་དེ་ཆད་པ་གཅོད་འོས་པ་ཡིན། ༡༨ ཁོས་ཁྱུ་ལས་ལུག་ཐུག་སྐྱོན་མེད་པ་ཞིག་ཁྱོད་ཀྱིས་རིན་བཅད་པ་བཞིན་དུ་ནོངས་པའི་ཕྱིར་འབུལ་རྒྱུ་ཡིན་པའི་མཆོད་པ་བླ་མའི་དྲུང་དུ་འཁྱེར་དགོས། བླ་མས་མི་དེས་མ་ཤེས་པར་བྱས་པའི་འགལ་ཁྲུལ་གྱི་ཕྱིར་སྡིག་བཤགས་བྱེད་པར་བྱ་བ་དང་། དེ་ལ་སྡིག་སེལ་ཐོབ་པར་འགྱུར་རོ། ༡༩ དེ་ནི་ནོངས་པའི་ཕྱིར་འབུལ་བའི་མཆོད་པ་ཡིན་ཏེ་ཡ་ཧོ་ཝཱའི་དྲུང་དུ་ངེས་པར་ནོངས་པ་ཞིག་བྱས་སོ་ཞེས་བཀའ་སྩལ་ཏོ༎