ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ།  མི་ཞིག་གིས་སྡིག་པ་བྱེད་ཅིང་ཡ་ཧོ་ཝཱའི་དྲུང་དུ་ཉེས་པ་བྱས་ཏེ། མི་གཞན་མའི་བཅོལ་མའམ་ཕར་བཏང་ཚུར་ལེན་ནམ། འཕྲོག་བཅོམ་མམ། མི་གཞན་མ་ནས་གཡོ་སྒྱུའི་ཐབས་ཀྱིས་ཁྱེར་བའི་རྫས་གང་ཡིན་པ་མ་བརྙེད་ཅེས་རྫུན་དུ་སྨྲ་བའམ།  རྫས་སྟོར་བ་ཞིག་བརྙེད་ནས་མ་བརྙེད་ཅེས་རྫུན་དུ་སྨྲ་བའམ་མིས་བྱས་པའི་ལས་གང་ལ་ཡང་རྟེན་ཏེ་རྫུན་གྱི་མནའ་བསྐྱེལ་ཞིང་སྡིག་པ་བྱས་ནས།  གལ་ཏེ་དེ་ལྟ་བུའི་ཉེས་པས་ནོངས་པ་ཞིག་བྱས་ན། འཕྲོག་པར་ཁྱེར་བའམ་གཡོ་སྒྱུའི་ཐབས་ཀྱིས་ཁྱེར་བའམ་བཅོལ་མ་བརྙེད་པའམ་སྟོར་ནས་བརྙེད་པའི་རྫས་ཕྱིར་གཏོང་བའམ།  གང་གི་རྫས་ལ་རྟེན་པའི་རྫུན་གྱི་མནའ་བསྐྱལ་བ་ཁོས་དེའི་རིན་འཇལ་བ་དང་། ལྔ་ཆ་གཅིག་སྣོན་ཞིང་བསྟེར་བར་དགོས། ནོངས་པའི་ཕྱིར་མཆོད་པ་འབུལ་བའི་ཉིན་མོར་རྫས་ཀྱི་བདག་པོ་ལ་འཇལ་བར་དགོས་སོ།  ཡང་ནོངས་པའི་ཕྱིར་ཡ་ཧོ་ཝཱ་ལ་མཆོད་པར་འབུལ་བ་འདི་ལྟ་སྟེ། ལུག་རྣམས་ལས་ལུག་ཐུག་སྐྱོན་མེད་པ་ཞིག་ཁྱོད་ཀྱི་རིན་བཅད་པ་བཞིན་དུ་ནོངས་པའི་ཕྱིར་འབུལ་བྱའི་མཆོད་པ་རུ་བླ་མའི་མདུན་དུ་འཁྱེར་བ་དང་།  བླ་མས་མི་དེའི་ཕྱིར་ཡ་ཧོ་ཝཱའི་དྲུང་དུ་སྡིག་བཤགས་བྱེད་པར་དགོས། དེ་ལྟར་མི་དེས་ནོངས་པ་གང་ཡང་བྱས་པའི་ཕྱིར་སྡིག་སེལ་ཐོབ་པར་འགྱུར་རོ་ཞེས་བཀའ་གནང་ངོ་༎
 ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ།  ཨ་རོན་བུ་རྣམས་དང་བཅས་པ་ལ་སྨྲོས་ཤིག སྦྱིན་སྲེག་གི་ཚུལ་ཁྲིམས་འདི་ཡིན། སྦྱིན་སྲེག་ཏུ་ཕུལ་བའི་རྫས་རང་གི་མལ་དུ་མཆོད་ཁྲིའི་ཁར་མཚན་གང་སྔ་དྲོའི་བར་དུ་གནས་པར་བྱ། མཆོད་ཁྲིའི་མེ་མ་ཤི་སྟེ་སྦར་བར་དགོས་སོ། ༡༠ ཡང་བླ་མས་རང་གོས་གོན་པ་དང་། རས་ཀྱི་གོས་ཐུང་ལུས་ལ་གྱོན་ནས་སྦྱིན་སྲེག་གི་མཆོད་ཁྲིའི་ཁར་མེས་སྲེག་པ་ལས་ལུས་པའི་ཐལ་བ་དེ་ལེན་ཞིང་མཆོད་ཁྲིའི་འགྲམ་དུ་འཇོག་པར་དགོས་སོ། ༡༡ ཡང་རང་གི་གོས་རྣམས་ཕུད་ནས་གོས་གཞན་པ་རྣམས་གྱོན་ཞིང་ཐལ་བ་ཚོགས་རའི་ཕྱི་རོལ་ཏུ་གནས་གཙང་བ་ཞིག་ཏུ་འཁྱེར་བར་དགོས་སོ། ༡༢ ཡང་མཆོད་ཁྲི་ལ་ཡོད་པའི་མེ་ནམ་ཡང་མི་ཤི་སྟེ་འབར་བར་དགོས། བླ་མས་སྔ་དྲོ་རེ་བཞིན་དེའི་ཁར་ཤིང་སྦར་བ་དང་། དེའི་སྟེང་དུ་སྦྱིན་སྲེག་ཏུ་འབུལ་རྒྱུ་ཡིན་པ་དེ་བཞག་ནས་ཞི་བདེའི་མཆོད་པའི་ཚིལ་དེའི་ཁར་སྦར་བར་དགོས་སོ། ༡༣ རྒྱུན་ཆད་མེད་པའི་མེ་ཞིག་མཆོད་ཁྲིའི་ཁར་འབར་ཞིང་ནམ་ཡང་ཤི་བར་མི་རུང་ངོ་༎
༡༤ ཡང་ཞལ་ཟས་ལ་རྟེན་པའི་ཚུལ་ཁྲིམས་འདི་ཡིན། ཨ་རོན་གྱི་བུ་རྣམས་ཀྱིས་མཆོད་ཁྲིའི་ཁར་ཡ་ཧོ་ཝཱ་ལ་དེ་འབུལ་བར་དགོས་སོ། ༡༥ དེ་དག་ནས་གཅིག་གིས་ཞལ་ཟས་སུ་ཕུལ་བའི་རྒྱ་ཞིབ་ལས་ཁྱོར་བ་གང་ཞིག་དང་མར་ཁུ་དང་ཞལ་ཟས་སུ་ཕུལ་བའི་རྫས་ལ་ཡོད་པའི་སྤོས་དཀར་ཐམས་ཅད་བླངས་ནས་ཡ་ཧོ་ཝཱའི་ཕྱིར་མཆོད་པར་འབུལ་རྒྱུ་ཡོད་པའི་སྐལ་བ་དེ་མཆོད་ཁྲིའི་ཁར་དྲི་ཞིམ་གྱི་ཕྱིར་སྦར་བར་དགོས། ༡༦ ལུས་པའི་ལྷག་མ་ནི་ཨ་རོན་བུ་རྣམས་དང་བཅས་པས་ཟ་བར་དགོས། སྐྱུར་རྩི་མེད་པའི་གནས་དམ་པ་ལ་ཟ་དགོས། འདུན་མའི་གུར་མཆོག་གི་ཁྱམས་ན་ཟ་བར་དགོས་སོ། ༡༧ སྐྱུར་རྩི་དང་ལྡན་པར་རྔོད་པར་མི་རུང་སྟེ། ང་ལ་ཕུལ་བའི་སྦྱིན་སྲེག་རྣམས་ལས་ངས་དེ་དག་ལ་ཐོབ་རྒྱུ་ཡིན་པའི་སྐལ་བ་རུ་དེ་བསྟེར་བ་དང་། སྡིག་པ་དང་ནོངས་པའི་ཕྱིར་ཕུལ་བའི་མཆོད་པ་རྣམས་དང་འདྲ་བར་དེ་ཡང་ཀུན་ལས་དམ་པ་ཞིག་ཡིན་ནོ། ༡༨ ཨ་རོན་གྱི་བུ་རྣམས་ཀྱི་ནང་ན་སྐྱེས་པ་གང་ཡིན་པ་དེ་ལས་ཟ་བར་དགོས། དེ་ནི་ངའི་སྦྱིན་སྲེག་རྣམས་ཀྱི་ཐོབ་སྐལ་ནམ་ཡང་མི་འགྱུར་བ་ཞིག་ཁྱེད་ཀྱི་རྗེས་སུ་འོང་བའི་བུ་བརྒྱུད་རྣམས་ཀྱི་བར་དུ་ཡོད་པར་དགོས། སྦྱིན་སྲེག་དེ་ལ་རེག་པའི་མི་གང་ཡང་དེ་མི་དམ་པ་ཞིག་ཡོད་པར་དགོས་སོ་ཞེས་བཀའ་སྩལ་ཏོ༎
༡༩ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༢༠ ཨ་རོན་བུ་རྣམས་དང་བཅས་པ་ལ་བྱུགས་པ་འབྱུག་པའི་ཉིན་མོར་དེ་དག་ཡ་ཧོ་ཝཱ་ལ་འབུལ་རྒྱུ་ཡིན་པའི་མཆོད་པ་ནི་འདི་ལྟ་སྟེ། རྒྱ་ཞིབ་ཨེ་ཕའི་བཅུ་ཆ་གཅིག དེ་ནི་གཏན་དུ་འབུལ་རྒྱུ་ཡིན་པའི་ཞལ་ཟས་ཡིན། དེའི་ཕྱེད་སྔ་མོ་ཕྱེད་དགོངས་མོ་ལ་འབུལ་དགོས་སོ། ༢༡ མར་ཁུ་དང་འདྲེས་པ་སླ་ང་ལ་གཡོ་བ་དང་བརྔོས་ཟིན་ནས་འབུལ་དགོས། དུམ་བུར་བཅག་ནས་ཞལ་ཟས་སུ་ཡ་ཧོ་ཝཱའི་ཕྱིར་དྲི་ཞིམ་དུ་འབུལ་བར་དགོས་སོ། ༢༢ ཡང་ཁོ་རང་གི་ཚབ་བྱེད་དུ་དེའི་བུ་རྣམས་ལས་བྱུགས་པའི་བླ་མ་དེས་འབུལ་བར་དགོས་པ་དེ་ཡ་ཧོ་ཝཱའི་སྐུ་སྐལ་ཚང་མ་མེས་སྲེག་པར་དགོས། དེ་ནི་ནམ་ཡང་མི་འགྱུར་བའི་བཀའ་ཁྲིམས་ཞིག་ཏུ་གྱུར་ཅིག ༢༣ བླ་མས་ཕུལ་བའི་ཞལ་ཟས་གང་ཡིན་པ་མ་ལུས་པར་སྲེག་པར་དགོས་པས་ཟ་བར་མི་རུང་ངོ་ཞེས་བཀའ་སྩལ་ཏོ༎
༢༤ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ༢༥ ཨ་རོན་བུ་རྣམས་དང་བཅས་པ་ལ་འདི་སྐད་ཅེས་སྨྲོས་ཤིག སྡིག་པའི་ཕྱིར་འབུལ་བའི་མཆོད་པ་ལ་རྟེན་པའི་ཚུལ་ཁྲིམས་ནི་འདི་ཡིན། སྦྱིན་སྲེག་ཏུ་འབུལ་བའི་དུད་འགྲོ་གསོད་པའི་གནས་དེར་ཡ་ཧོ་ཝཱའི་དྲུང་དུ་སྡིག་པའི་ཕྱིར་འབུལ་བའི་དུད་འགྲོ་ཡང་གསོད་པར་དགོས། དེ་ཀུན་ལས་དམ་པ་ཡིན་ནོ། ༢༦ སྡིག་པའི་ཕྱིར་མཆོད་པ་འབུལ་བའི་བླ་མས་དེ་ཟ་བར་རུང་སྟེ་གནས་དམ་པར་འདུན་མའི་གུར་མཆོག་གི་ཁྱམས་ན་ཟ་བར་དགོས་སོ། ༢༧ སུ་ཡང་དེའི་ཤ་ལ་རེག་པ་དེ་ནི་དམ་པ་ཡོད་པར་དགོས། ཡང་གོས་གང་ལའང་ཁྲག་གཏོར་ཕོག་ཡོད་པ་དེས་གནས་དམ་པ་རུ་འཁྲུད་པར་དགོས་སོ། ༢༨ རྫའི་སྣོད་ནང་དེ་ནི་གཡོས་པ་ཡིན་ན་སྣོད་དེ་གཅོག་པར་དགོས། ཟངས་ཀྱི་སྣོད་ཀྱི་ནང་ན་གཡོས་ན་ཆུས་འཁྲུད་ཅིང་བཤལ་པར་དགོས་སོ། ༢༩ བླ་མ་རྣམས་ལས་སྐྱེས་པ་གང་ཡིན་པས་ཟ་བར་རུང་། དེ་ནི་ཀུན་ལས་དམ་པ་ཡིན་ནོ། ༣༠ སྡིག་པའི་ཕྱིར་ཕུལ་བའི་དུད་འགྲོའི་ཁྲག་ལས་འདུན་མའི་གུར་མཆོག་གི་ནང་དུ་ཁྱེར་ནས་ཁྲག་དེའི་སྒོ་ནས་མཆོད་ཁང་ན་སྡིག་བཤགས་བྱེད་པ་དེའི་ཤ་ཟ་བར་མི་རུང་ཞིང་མེས་སྲེག་པར་དགོས་སོ༎