ཡང་ནོངས་པའི་ཕྱིར་ཕུལ་བའི་མཆོད་པ་ལ་རྟེན་པའི་ཚུལ་ཁྲིམས་ནི་འདི་ཡིན། དེ་ཀུན་ལས་དམ་པ་ཡིན་ནོ།  སྦྱིན་སྲེག་གསོད་པའི་གནས་དེར་ནོངས་པའི་ཕྱིར་ཕུལ་མཁན་དེ་ཡང་གསོད་པ་དང་། དེའི་ཁྲག་མཆོད་ཁྲིའི་མཐའ་འཁོར་ལ་གཡོག་པར་དགོས།  ཡང་ཚིལ་ཐམས་ཅད་དང་། རྔ་མ་ཚིལ་ཅན་དང་། ནང་ཆ་འགེབས་པའི་ཚིལ་དང་།  མཁལ་མ་གཉིས་དང་དེ་དག་གི་ཚིལ་རྐེད་པ་ལ་ཡོད་པ་དང་། མཆིན་ཡོལ་མཁལ་མའི་བར་དུ་བཅད་པ་དེ་འབུལ་བར་དགོས།  ཡང་བླ་མས་མཆོད་ཁྲིའི་ཁར་ཡ་ཧོ་ཝཱའི་ཕྱིར་སྦྱིན་སྲེག་ཏུ་སྦར་བར་དགོས། དེ་ནི་ནོངས་པའི་ཕྱིར་མཆོད་པ་ཞིག་ཡིན་ནོ།  བླ་མ་རྣམས་ལས་སྐྱེས་པ་གང་ཡིན་པས་དེ་ཟ་ཞིང་། ཀུན་ལས་དམ་པ་ཡིན་པས་གནས་དམ་པར་ཟ་བར་བྱའོ།  ཇི་ལྟར་སྡིག་པའི་ཕྱིར་ཕུལ་བའི་མཆོད་པ་ཡིན། དེ་ལྟར་ནོངས་པའི་ཕྱིར་ཕུལ་བའི་མཆོད་པ་ཡང་ཡིན་ཏེ། དེ་གཉིས་ཀྱི་ཚུལ་ཁྲིམས་གཅིག་པ་ཡིན་པས། དེའི་ཕྱིར་དེ་ནི་སྡིག་བཤགས་བྱེད་པའི་བླ་མའི་ཡིན་པར་དགོས་སོ།  ཡང་མི་ཞིག་གིས་སྦྱིན་སྲེག་ཅིག་འབུལ་ན། སྦྱིན་སྲེག་གི་པགས་པ་བླ་མའི་ཡིན་པར་དགོས་སོ།  ཡང་མེ་ཐབ་ལ་གཡོས་པའི་ཞལ་ཟས་གང་ཡིན་པ་དང་། ཟངས་སམ་སླ་ངའི་ནང་བརྔོས་པ་ཐམས་ཅད་འབུལ་བའི་བླ་མ་ལ་བདོག་པར་དགོས། ༡༠ ཡང་ཞལ་ཟས་མར་ཁུ་དང་འདྲེས་པ་དང་སྐམ་པོ་ནི་ཨ་རོན་གྱི་བུ་ཚང་མ་ལ་འདྲ་འདྲ་ཐོབ་པར་དགོས་སོ༎
༡༡ དེའང་ཡ་ཧོ་ཝཱ་ལ་འབུལ་བའི་ཞི་བདེའི་མཆོད་པ་རྣམས་ལ་རྟེན་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། ༡༢ གལ་ཏེ་སྟོད་པ་འབུལ་བའི་ཕྱིར་འབུལ་ན། སྟོད་པའི་མཆོད་པ་རུ་སྐྱུར་རྩི་མེད་པའི་བག་ལེབ་ལ་མར་ཁུ་བླུགས་པ་དང་བཞེས་ཁུར་མར་ཁུས་བྱུགས་བ་དང་རྒྱ་ཞིབ་མར་ཁུ་དང་འདྲེས་པ་ནས་བྱས་པའི་བག་ལེབ་མར་ཁུས་བྱུགས་པ་རྣམས་འབུལ་བར་དགོས། ༡༣ ཡང་སྟོད་པའི་མཆོད་པའི་ཕྱིར་དམར་མཆོད་འབུལ་བའི་འབུལ་བ་དང་ལྷན་ཅིག་ཏུ་བག་ལེབ་དང་སྐྱུར་བཅུག་པའི་བག་ལེབ་འབུལ་བར་དགོས་སོ། ༡༤ ཡང་ཕུལ་བའི་མཆོད་པ་ཧྲིལ་པོ་ལས་གཅིག་ཡ་ཧོ་ཝཱའི་ཕྱིར་འབུལ་བར་དགོས་པ་དེ་ནི་ཞི་བདེའི་མཆོད་པའི་ཁྲག་གཡོག་པའི་བླ་མའི་ཡིན་པར་དགོས། ༡༥ སྟོད་པ་དང་ཞི་བདེའི་མཆོད་པའི་ཤ་ནི་མཆོད་པར་འབུལ་བའི་ཉིན་དེ་རང་དུ་ཟ་བར་དགོས་ཏེ། སང་ཉིན་གྱི་བར་དུ་ཅིའང་ལུས་པར་མི་རུང་ངོ་། ༡༦ ཡང་གལ་ཏེ་མཆོད་པའི་འབུལ་བ་ནི་དམ་བཅའ་བླངས་པའམ་སེམས་དགའ་ནས་ཕུལ་བ་ཞིག་ཡིན་ན། མཆོད་པར་འབུལ་བའི་ཉིན་དེ་རང་དུ་ཟ་བར་དགོས་ཏེ། དེ་ལས་ལྷག་མ་ལུས་པ་ནི་སང་ཉིན་ཟ་ཡང་རུང་ངོ་། ༡༧ ཡང་མཆོད་པའི་ཤ་ལས་ལུས་པ་ནི་ཞག་གསུམ་པར་མེས་སྲེག་པར་དགོས་སོ། ༡༨ གལ་ཏེ་ཞི་བདེའི་མཆོད་པའི་ཤ་ལས་ཞག་གསུམ་པར་ཟ་ན། དེ་ལ་མཉེས་པར་མི་འགྱུར། མཆོད་པ་ཕུལ་བའི་མི་ལ་ཕན་པར་མི་འགྱུར། རྫས་དེ་ནི་མི་གཙང་བས་དེ་ལས་ཟ་བའི་སེམས་ལ་ཉེས་པ་འོང་བར་འགྱུར་རོ༎
༡༩ ཡང་མི་གཙང་བའི་རྫས་ལ་རེག་པའི་ཤ་ནི་ཟ་བར་མི་རུང་སྟེ་མེས་སྲེག་པར་དགོས། མི་གཙང་བ་མེད་པའི་མི་སུས་ཀྱང་ཤ་ཟ་བའི་རིགས་སོ། ༢༠ འོན་ཀྱང་མི་གཙང་བར་གྱུར་པའི་མི་ཞིག་གིས་གལ་ཏེ་ཡ་ཧོ་ཝཱ་ལ་ཕུལ་བའི་ཞི་བདེའི་མཆོད་པ་ལས་ཤ་ཟ་ན་དེའི་སེམས་རང་གི་མི་སྡེ་ལས་རྩད་ནས་གཅོད་པར་བྱའོ། ༢༡ ཡང་མི་ཞིག་གིས་རྫས་མི་གཙང་བ་ཞིག་མི་ནས་བྱུང་བའི་མི་གཙང་བའམ་དུད་འགྲོ་མི་གཙང་བ་ཞིག་གམ་སྲིན་བུ་མི་གཙང་བ་གང་ལ་ཡང་རེག་ནས། གལ་ཏེ་ཡ་ཧོ་ཝཱ་ལ་ཕུལ་བའི་ཞི་བདེའི་མཆོད་པའི་ཤ་ལས་ཟ་ན། དེའི་སེམས་རང་གི་མི་སྡེ་ལས་རྩད་ནས་གཅོད་པར་བྱའོ་ཞེས་བཀའ་གནང་ངོ་༎
༢༢ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ༢༣ ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག གླང་ཐུག་དང་ར་དང་ལུག་གི་ཚིལ་གང་ཡང་ཟ་བར་མི་རུང་ངོ་། ༢༤ ཤི་བའི་དུད་འགྲོའི་ཚིལ་དང་གཅན་གཟན་གྱིས་བསད་པའི་དུད་འགྲོའི་ཚིལ་ལས་ཅི་ཞིག་གི་ཕྱིར་ལེན་ཆོག་ཀྱང་། དེ་ཟ་བར་མི་རུང་ངོ་། ༢༥ ཡ་ཧོ་ཝཱ་ལ་སྦྱིན་སྲེག་གི་ཕྱིར་ཕུལ་བའི་དུད་འགྲོའི་ཚིལ་ནས་ཟ་བའི་མི་དེའི་སེམས་རང་གི་མི་སྡེ་ལས་རྩད་ནས་གཅོད་པར་འགྱུར་བར་གྱུར་ཅིག ༢༦ ཡང་བྱའམ་དུད་འགྲོའི་ཁྲག་གང་ཡང་ཁྱེད་ཀྱི་གནས་ཁང་ཕྱི་ནང་གང་དུ་ཡང་ཟ་བར་མི་རུང་ངོ་། ༢༧ མི་སུས་ཀྱང་ཁྲག་ཟ་བ་དེའི་སེམས་རང་གི་མི་སྡེ་ལས་རྩད་ནས་གཅོད་པར་གྱུར་ཅིག་ཅེས་བཀའ་གནང་ངོ་༎
༢༨ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༢༩ ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྨྲོས་ཤིག ཡ་ཧོ་ཝཱ་ལ་ཞི་བདེའི་མཆོད་པ་འབུལ་བའི་མི་དེ་རང་གིས་ཞི་བདེའི་མཆོད་པ་ལས་ཡ་ཧོ་ཝཱ་ལ་འབུལ་བ་འབུལ་བར་དགོས། ༣༠ མི་དེ་ནི་རང་གི་ལག་གིས་ཡ་ཧོ་ཝཱ་ལ་སྦྱིན་སྲེག་ནི་ཚིལ་དང་བྲང་འཁྱེར་འོངས་ནས། བྲང་ནི་ཕར་ཚུར་གཡོ་ཞིང་ཡ་ཧོ་ཝཱ་ལ་གཡོས་པའི་མཆོད་པར་འབུལ་བར་དགོས། ༣༡ ཡང་བླ་མས་མཆོད་ཁྲིའི་ཁར་ཚིལ་སྦར་བ་དང་། བྲང་ནི་ཨ་རོན་བུ་རྣམས་དང་བཅས་པའི་ཡིན་པར་དགོས་སོ། ༣༢ ཡང་རྐང་པ་གཡས་པ་ནི་ཞི་བདེའི་མཆོད་པ་རྣམས་ལས་སྤར་བའི་མཆོད་པ་ཡིན་ཏེ་བླ་མ་ལ་འབུལ་བར་དགོས། ༣༣ ཨ་རོན་གྱི་བུ་རྣམས་ལས་སུས་ཞི་བདེའི་མཆོད་པའི་ཁྲག་དང་ཚིལ་འབུལ་བ་དེའི་སྐལ་བ་ནི་རྐང་པ་གཡས་པ་ཡིན་ནོ། ༣༤ གང་ལ་ཞེ་ན། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ང་ལ་འབུལ་བའི་ཞི་བདེའི་མཆོད་པ་རྣམས་ལས་ཕར་ཚུར་གཡོས་པའི་བྲང་དང་སྤར་བའི་རྐང་པ་ངས་བླངས་ནས་ཨ་རོན་བུ་རྣམས་དང་བཅས་པ་ལ་འབུལ་བ་དེ་ནི་ཨིས་ར་ཨེལ་གྱི་བུ་རྣམས་ནས་ཐོབ་རྒྱུ་ཡིན་པའི་ཐོབ་སྐལ་རྒྱུན་ཆད་མེད་པ་ཞིག་ཡིན་ནོ། ཞེས་བཀའ་གནང་ངོ་། ༣༥ ཡ་ཧོ་ཝཱ་ལ་བླ་མ་བྱེད་པའི་ཕྱིར་ཨ་རོན་བུ་རྣམས་དང་བཅས་པ་ཚུར་འཁྲིད་པའི་ཉིན་པར་ཡ་ཧོ་ཝཱའི་སྦྱིན་སྲེག་རྣམས་ལས་དེ་དག་ལ་ཐོབ་པའི་སྐལ་བ་དེ་ཡིན་ཏེ། ༣༦ ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ནང་ནས་དེ་དག་ལ་བྱུགས་པ་བྱུགས་པའི་ཉིན་ལ་སྐལ་བ་དེ་ནི་དེ་དག་ལ་སྟེར་བར་དགོས་ཞེས་བཀའ་གནང་ངོ་། དེ་ནི་རྗེས་སུ་འོང་བའི་བུ་བརྒྱུད་ཀྱི་བར་དུ་རྒྱུན་ཆད་མེད་པའི་ཐོབ་སྐལ་ཡིན་ནོ༎
༣༧ དེ་ནི་སྦྱིན་སྲེག་དང་ཞལ་ཟས་དང་སྡིག་པ་དང་ནོངས་པའི་ཕྱིར་འབུལ་བའི་མཆོད་པ་དང་མཆོད་འབུལ་གྱི་མཆོད་པ་དང་ཞི་བདེའི་མཆོད་པ་ལ་རྟེན་པའི་ཚུལ་ཁྲིམས་ཡིན། ༣༨ རི་སི་ནཱ་རུ་ཡ་ཧོ་ཝཱས་མོ་ཤེ་ལ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱིར་སི་ནཱ་བྱ་བའི་འབྲོག་སྟོང་གི་ནང་ན་ཡ་ཧོ་ཝཱ་ལ་མཆོད་པ་འབུལ་བ་ལ་རྟེན་པའི་ཚུལ་ཁྲིམས་གནང་བའི་སྐབས་སུ་ཁོང་གིས་དེ་རྣམས་གནང་ངོ་༎