༨
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༢ ཨ་རོན་རང་གི་བུ་རྣམས་དང་མཉམ་དུ་དང་གོས་རྣམས་དང་བྱུགས་སྤོས་དང་སྡིག་པའི་ཕྱིར་འབུལ་བྱའི་གླང་ཐུག་དང་ལུག་ཐུག་གཉིས་དང་སྐྱུར་རྩི་མེད་པའི་བག་ལེབ་ཀྱི་ཙེ་པོ་ཁྱེར་ལ། ༣ མི་ཚོགས་ཐམས་ཅད་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་སྡུས་ཤིག་ཅེས་བཀའ་གནང་ངོ་། ༤ མོ་ཤེས་ཡ་ཧོ་ཝཱས་བཀའ་སྩལ་བ་བཞིན་དུ་བྱས་ནས། མི་ཚོགས་འདུན་མའི་གུར་མཆོག་གི་སྒོའི་མདུན་དུ་འདུས་སོ། ༥ དེའི་དུས་སུ་མོ་ཤེས་མི་ཚོགས་ལ་ཡ་ཧོ་ཝཱས་བཀའ་གནང་བ་འདི་ཡིན་སྨྲས་པ་དང་། ༦ ཨ་རོན་བུ་རྣམས་དང་བཅས་པ་ཁྲིད་ནས་དེ་དག་གི་ལུས་ཆུས་ཁྲུས་སོ། ༧ ཡང་དེ་ལ་ཨང་ཐུང་བསྐོན་ནས་སྐུ་རགས་ཡང་བཅིངས་པ་དང་། ཤན་ཐབས་ཀྱང་བསྐོན། ཨེ་ཕོད་བསྐོན། ཨེ་ཕོད་ཀྱི་སྐུ་རགས་ཀྱིས་བཅིངས་ནས་བསྐོན་ནོ། ༨ དེ་ནས་བྲང་རྒྱན་ཡང་བསྐོན་ནས། བྲང་རྒྱན་དེ་ལ་འོད་རྣམས་དང་ཞལ་ཆེ་རྣམས་ཞེས་བྱ་བ་བཅུག་གོ། ༩ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་དེའི་མགོ་ལ་དབུ་ཐོད་བསྐོན་ནས། དབུ་ཐོད་ཀྱི་མདུན་ལོགས་སུ་གསེར་གྱི་བྱང་བུ་ཞེ་ན། ཅོད་པན་དམ་པ་བཅུག་གོ།༡༠ དེ་ནས་མོ་ཤེས་བྱུགས་སྤོས་བླངས་ནས་བཞུགས་གནས་དང་དེའི་ནང་ན་ཡོད་པའི་ཡོ་བྱད་ཐམས་ཅད་འབྱུག་ཅིང་དམ་པར་བྱས་སོ། ༡༡ ཡང་མཆོད་ཁྲི་ལ་ལན་བདུན་གཏོར་ནས་མཆོད་ཁྲིའི་ཡོ་བྱད་ཐམས་ཅད་དང་བཅས་པ་དང་། འཁྲུད་གཞོང་སྟེགས་བུ་དང་བཅས་པ་དམ་པར་བྱེད་དུ་བྱུགས་པས་བྱུགས་སོ། ༡༢ ཡང་ཨ་རོན་གྱི་མགོ་ལ་བྱུགས་སྤོས་ལས་བྱུགས་ནས་བྱུགས་པ་དང་དམ་པར་བྱས་སོ། ༡༣ ཡང་མོ་ཤེས་ཨ་རོན་གྱི་བུ་རྣམས་ཀྱང་ཚུར་ཁྲིད་ནས། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་ཨང་ཐུང་རྣམས་དེ་དག་ལ་བསྐོན། སྐུ་རགས་ཡང་བཅིངས། དབུ་ཞྭ་ཡང་བསྐོན་ནོ༎
༡༤ ཡང་སྡིག་པའི་ཕྱིར་འབུལ་བྱའི་གླང་ཐུག་ཚུར་ཁྲིད་ནས། ཨ་རོན་བུ་རྣམས་དང་བཅས་པས་རང་གི་ལག་པ་སྡིག་པའི་ཕྱིར་འབུལ་བྱའི་གླང་ཐུག་གི་མགོ་རུ་བཞག་གོ། ༡༥ ཡང་མོ་ཤེས་དེ་བསད་ནས་དེའི་ཁྲག་ལས་བླངས་ཤིང་རང་གི་མཛུབ་མོས་མཆོད་ཁྲིའི་རུ་བ་རྣམས་ཀྱི་མཐའ་འཁོར་ལ་གཡོགས་པས་མཆོད་ཁྲི་སྦྱངས་པར་བྱས་པ་དང་། ཁྲག་མཆོད་ཁྲིའི་འགྲམ་དུ་བླུགས་ནས་སྡིག་བཤགས་བྱེད་ཅིང་དམ་པར་བྱས་སོ། ༡༦ ཡང་ནང་ཆའི་ཚིལ་ཐམས་ཅད་དང་མཆིན་ཡོལ་དང་མཁལ་མ་གཉིས་ཚིལ་དང་བཅས་པ་བླངས་ནས་མཆོད་ཁྲིའི་ཁར་སྲེག་པར་བྱས་སོ། ༡༧ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་གླང་ཐུག་དེའི་པགས་པ་དང་ཤ་དང་ལྕི་བ་ཚོགས་རའི་ཕྱི་རོལ་དུ་མེས་བསྲེགས་སོ༎
༡༨ ཡང་སྦྱིན་སྲེག་གི་ཕྱིར་ལུག་ཐུག་ཚུར་ཁྲིད་ནས་ཨ་རོན་བུ་རྣམས་དང་བཅས་པས་རང་གི་ལག་པ་རྣམས་ལུག་ཐུག་གི་མགོར་བཞག་གོ། ༡༩ ཡང་མོ་ཤེས་དེ་བསད་ནས་ཁྲག་ནི་མཆོད་ཁྲིའི་མཐའ་འཁོར་དུ་གཏོར་ཏོ། ༢༠ ཡང་ལུག་ཐུག་ལྷུ་ལྷུར་བགོས་ནས་མོ་ཤེས་མགོ་དང་ལྷུ་ལྷུར་བགོས་པ་དང་ཚིལ་བསྲེགས་སོ། ༢༡ ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་ནང་ཆ་དང་རྐང་ལག་བཞི་ཆུས་ཁྲུས་ནས་མོ་ཤེས་ལུག་ཐུག་ཧྲིལ་པོ་མཆོད་ཁྲིའི་ཁར་སྦྱིན་སྲེག་ཏུ་སྦར་ཞིང་ཡ་ཧོ་ཝཱ་ལ་དྲི་ཞིམ་གྱི་ཕྱིར་མེའི་རྐྱེན་གྱིས་མཆོད་པར་ཕུལ་ལོ༎
༢༢ དེ་ནས་ལུག་ཐུག་གཉིས་པ་མཆོད་འབུལ་གྱི་ལུག་ཐུག་ཚུར་ཁྲིད་ནས། ཨ་རོན་དང་དེའི་བུ་རྣམས་ཀྱིས་རང་གི་ལག་པ་རྣམས་ལུག་ཐུག་གི་མགོར་བཞག་གོ། ༢༣ ཡང་མོ་ཤེས་དེ་བསད་ནས་དེའི་ཁྲག་ལས་བླངས་པ་དང་། ཨ་རོན་གྱི་རྣ་ཤལ་གཡས་པ་དང་ལག་པ་གཡས་པའི་མཐེབ་ཆེན་དང་རྐང་པ་གཡས་པའི་མཐེབ་ཆེན་ལ་བྱུགས་སོ། ༢༤ ཡང་ཨ་རོན་གྱི་བུ་རྣམས་ཚུར་ཁྲིད་ནས་མོ་ཤེས་ཁྲག་དེ་ལས་དེ་དག་གི་རྣ་ཤལ་གཡས་པ་དང་ལག་པ་གཡས་པའི་མཐེབ་ཆེན་དང་རྐང་པ་གཡས་པའི་མཐེབ་ཆེན་ལ་གཡོགས་ནས། མོ་ཤེས་ཁྲག་མཆོད་ཁྲིའི་མཐའ་འཁོར་ལ་གཡོགས་སོ། ༢༥ ཡང་ཚིལ་དང་རྔ་མ་ཚིལ་ཅན་དང་ནང་ཆའི་ཚིལ་ཐམས་ཅད་དང་མཆིན་ཡོལ་དང་མཁལ་མ་གཉིས་ཚིལ་དང་བཅས་པ་དང་རྐང་པ་གཡས་པ་དང་། ༢༦ ཡ་ཧོ་ཝཱའི་ཞལ་ངོར་ཡོད་པའི་ཙེ་པོ་སྐྱུར་རྩི་མེད་པའི་བག་ལེབ་ཀྱིས་གང་བ་ལས། སྐྱུར་རྩི་མེད་པའི་བག་ལེབ་ཅིག་བླངས་ནས་མར་ཁུས་བསྐུས་པའི་བཞེས་ཁུར་དང་འཁུར་བ་གཅིག་དང་བཅས་པ་ཚིལ་དང་རྐང་པ་གཡས་པའི་སྟེང་དུ་བཞག་པ་དང་། ༢༧ དེ་ཐམས་ཅད་ཨ་རོན་གྱི་ལག་པ་དང་དེའི་བུ་རྣམས་ཀྱི་ལག་པ་རྣམས་ལ་བཞག་ནས་ཡ་ཧོ་ཝཱའི་དྲུང་དུ་ཕར་ཚུར་གཡོ་ཞིང་གཡོ་བའི་མཆོད་པ་རུ་ཕུལ་ལོ། ༢༨ ཡང་མོ་ཤེས་དེ་དག་གི་ལག་པ་ནས་ཕྱིར་བླངས་ནས་སྦྱིན་སྲེག་གི་སྟེང་དུ་མཆོད་ཁྲིའི་ཁར་མཆོད་འབུལ་གྱི་མཆོད་པ་རུ་སྦར་བ་དང་ཡ་ཧོ་ཝཱ་ལ་དྲི་ཞིམ་གྱི་ཕྱིར་དུ་མེ་མཉམ་ཕུལ་ལོ། ༢༩ ཡང་མོ་ཤེས་མཆོད་འབུལ་གྱི་ལུག་ཐུག་གི་བྲང་བླངས་ནས་ཡ་ཧོ་ཝཱའི་དྲུང་དུ་ཕར་ཚུར་གཡོས་ཤིང་གཡོ་བའི་མཆོད་པར་ཕུལ་བ་དེ་ནི་ཡ་ཧོ་ཝཱས་མོ་ཤེས་ལ་བཀའ་སྩལ་པ་བཞིན་དུ་མོ་ཤེའི་ཡིན་པའི་སྐལ་བ་ཡིན་ནོ༎
༣༠ ཡང་མོ་ཤེས་བྱུགས་སྤོས་དང་མཆོད་ཁྲིའི་ཁར་ཡོད་པའི་ཁྲག་ལས་བླངས་ཏེ་ཨ་རོན་རང་དང་རང་གི་གོས་རྣམས་དང་དེའི་བུ་རྣམས་གོས་རྣམས་དང་བཅས་པ་ལ་གཏོར་ཏོ། དེ་ལྟར་ཨ་རོན་རང་གི་གོས་རྣམས་དང་བཅས་པ་དང་དེ་དང་མཉམ་དུ་དེའི་བུ་རྣམས་དང་བུ་རྣམས་ཀྱི་གོས་དང་བཅས་པ་དམ་པར་བྱས་སོ༎
༣༡ ཡང་མོ་ཤེས་ཨ་རོན་བུ་རྣམས་དང་བཅས་པ་ལ་འདི་གསུངས་པ། ཤ་ནི་འདུན་མའི་གུར་མཆོག་གི་སྒོའི་ཕྱི་རོལ་དུ་ཆུ་ལ་སྐོལ་ལ། མཆོད་འབུལ་གྱི་ཙེ་པོ་ནང་ཡོད་པའི་བག་ལེབ་དང་མཉམ་དུ་དེར་ཟོས་ཤིག ངས་ཁྱོད་རྣམས་ལ། ཨ་རོན་བུ་རྣམས་དང་བཅས་པས་ཟ་བར་དགོས། དེ་ལྟར་བསྒོ་བ་བཞིན་དུ་བྱོས་ཤིག ༣༢ ཡང་ཤ་དང་བག་ལེབ་ལས་ལྷག་མ་ལུས་པ་མེས་སྲེག་པར་དགོས། ༣༣ ཡང་དབང་སྐུར་བའི་ཉིན་མོ་རྣམས་མ་རྫོགས་པའི་བར་དུ་འདུན་མའི་གུར་མཆོག་གི་སྒོ་ནས་ཉིན་ཞག་བདུན་གྱི་བར་དུ་འགྲོ་བར་མི་རུང་ངོ་། གང་ལ་ཞེ་ན། ཞག་བདུན་གྱི་བར་དུ་ཁྱེད་ལ་དབང་སྐུར་བའི་དུས་ཡིན་པའི་ཕྱིར་རོ། ༣༤ དེ་རིང་གི་ཉིན་མོ་ལ་བྱས་པ་བཞིན་དུ་ཡ་ཧོ་ཝཱས་ཁྱོད་རྣམས་ཀྱི་ཕྱིར་སྡིག་བཤགས་བྱེད་དུ་བཀའ་གནང་ངོ་། ༣༥ ཁྱོད་རྣམས་ཉིན་མཚན་བདུན་གྱི་བར་དུ་འདུན་མའི་གུར་མཆོག་གི་སྒོའི་མདུན་དུ་གནས་ཤིང་ཁྱོད་རྣམས་ཤི་ཡིས་དོགས་པས། ཡ་ཧོ་ཝཱའི་ཕྱིར་ཅི་སྲུང་རྒྱུ་ཡིན་པ་སྲུང་བར་དགོས། དེ་ལྟར་ང་ལ་བཀའ་གནང་ངོ་ཞེས་སྨྲས་སོ། ༣༦ ཡང་ཨ་རོན་བུ་རྣམས་དང་བཅས་པས་ཡ་ཧོ་ཝཱས་མོ་ཤེའི་ངག་གི་སྒོ་ནས་ཅི་དང་ཅི་བཀའ་གནང་བ་བཞིན་དུ་བྱས་སོ༎