ཡང་ཞག་བརྒྱད་པ་ལ་མོ་ཤེས་ཨ་རོན་བུ་རྣམས་དང་ཨིས་ར་ཨེལ་གྱི་རྒན་པོ་རྣམས་དང་བཅས་པ་བོས་ནས།  ཨ་རོན་ལ་འདི་སྐད་དུ། ཁྱོད་ཀྱི་དོན་དུ་སྡིག་བཤགས་བྱེད་པའི་ཕྱིར་བེའུ་ཕོ་སྐྱོན་མེད་པ་ཞིག་དང་། སྦྱིན་སྲེག་གི་ཕྱིར་ལུག་ཐུག་སྐྱོན་མེད་པ་ཞིག་བློངས་ལ། ཡ་ཧོ་ཝཱའི་ཞལ་ངོར་མཆོད་པར་ཕུལ་ཞིག  ཡང་ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ར་ཐུག་ཅིག་སྡིག་པའི་ཕྱིར་མཆོད་པར་འབུལ་བ་དང་། བེའུ་དང་ལུག་གཉིས་ལོ་གཅིག་པ་སྐྱོན་མེད་པ་སྦྱིན་སྲེག་གི་དོན་དུ་བློངས་ལ།  ཡ་ཧོ་ཝཱའི་ཞབས་དྲུང་དུ་ཞི་བདེའི་མཆོད་པ་འབུལ་དུ་གླང་ཐུག་དང་ལུག་ཐུག་དང་མར་ཁུས་འདྲེས་པའི་ཞལ་ཟས་ཁྱེར་ཤོག དེ་ཅིའི་ཕྱིར་ཞེ་ན། དེ་རིང་ཡ་ཧོ་ཝཱ་ཁྱོད་རྣམས་ཀྱིས་མཐོང་བར་འགྱུར་བའི་ཕྱིར་རོ་ཞེས་གསུངས་པས།  མོ་ཤེས་ཅི་དང་ཅི་གསུངས་པ་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་ཁྱེར་འོངས་པ་དང་། མི་ཚོགས་ཐམས་ཅད་ཉེ་བར་འོངས་ནས་ཡ་ཧོ་ཝཱའི་ཞལ་ངོར་བྱུང་ངོ་།  ཡང་མོ་ཤེས་ནི་ཡ་ཧོ་ཝཱས་དེ་ལྟར་བྱོས་ཤིག་ཅེས་བཀའ་སྩལ་པ་བཞིན་དུ་ཁྱོད་ཅག་གིས་བྱེད་ན། ཡ་ཧོ་ཝཱའི་ལྷན་ནེ་བ་ཁྱོད་རྣམས་ཀྱིས་མཐོང་བར་འགྱུར་ཡོང་ཞེས་སྨྲས་སོ།  ཡང་མོ་ཤེས་ཨ་རོན་ལ། ད་མཆོད་ཁྲིའི་མདུན་དུ་ཚུར་ཤོག་དང་། ཁྱོད་ཀྱི་དོན་དུ་སྡིག་པའི་ཕྱིར་མཆོད་པ་དང་སྦྱིན་སྲེག་ཕུལ་ཞིག ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་ཁྱོད་རང་དང་མི་སྡེའི་ཕྱིར་སྡིག་བཤགས་བྱོས་ལ། མི་སྡེའི་ཕྱིར་མཆོད་པ་འབུལ་ཞིང་སྡིག་བཤགས་བྱོས་ཤིག་ཅེས་སྨྲས་སོ༎
 ཨ་རོན་མཆོད་ཁྲིའི་དྲུང་དུ་ཚུར་འོངས་ནས། རང་གི་དོན་དུ་སྡིག་པའི་ཕྱིར་བེའུ་མཆོད་པར་ཕུལ་ནས།  ཨ་རོན་གྱི་བུ་རྣམས་ཀྱིས་དེ་ལ་ཁྲག་འཁྱེར་འོངས་ནས། མཛུབ་མོ་ཁྲག་ཏུ་བཅུག་ཅིང་མཆོད་ཁྲིའི་རུ་བ་རྣམས་ལ་བསྐུས་པ་དང་། ཁྲག་མཆོད་ཁྲིའི་འགྲམ་དུ་བླུགས་སོ། ༡༠ ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་སྡིག་པའི་ཕྱིར་འབུལ་བའི་མཆོད་པ་ཚིལ་དང་མཁལ་མ་གཉིས་དང་མཆིན་ཡོལ་མཆོད་ཁྲིའི་ཁར་སྦར་རོ། ༡༡ ཡང་ཤ་དང་པགས་པ་ཚོགས་རའི་ཕྱི་རོལ་ན་མེས་བསྲེགས་སོ༎
༡༢ ཡང་སྦྱིན་སྲེག་གི་ཕྱིར་དུད་འགྲོ་བསད་པ་དང་། ཨ་རོན་གྱི་བུ་རྣམས་ཀྱིས་དེའི་ཁྲག་འཁྱེར་འོངས་ནས་ཁོང་གིས་མཆོད་ཁྲིའི་མཐའ་འཁོར་དུ་གཡོགས་སོ། ༡༣ དེ་དག་གིས་སྦྱིན་སྲེག་གི་ཕྱིར་ལྷུ་ལྷུ་རུ་བགོས་པ་དེ་དང་མགོ་འཁྱེར་འོངས་ནས་ཁོང་གིས་དེ་མཆོད་ཁྲིའི་ཁར་བསྲེགས་སོ། ༡༤ ཡང་ནང་ཆ་དང་རྐང་ལག་བཞི་ཁྲུས་ནས་མཆོད་ཁྲིའི་ཁར་སྦྱིན་སྲེག་གི་སྟེང་དུ་སྦར་རོ༎
༡༥ ཡང་མི་སྡེའི་ཕྱིར་མཆོད་པ་ཕུལ་ནས་མི་སྡེའི་སྡིག་པའི་ཕྱིར་འབུལ་བའི་ལུག་ཐུག་བླངས་ནས་བསད་པ་དང་། གོང་གི་ལུག་ཐུག་དང་འདྲ་བར་སྡིག་པའི་ཕྱིར་མཆོད་པ་ཕུལ་ལོ། ༡༦ སྦྱིན་སྲེག་ཀྱང་འབུལ་ཞིང་། ཚུལ་ཁྲིམས་བཞིན་དུ་བྱས་སོ། ༡༧ ཞལ་ཟས་ཡང་འབུལ་ཞིང་དེ་ལས་ཁྱོར་བ་གང་བླངས་པ་དང་། སྔ་དྲོར་འབུལ་བའི་སྦྱིན་སྲེག་མ་གཏོགས་པར་དེ་ཡང་མཆོད་ཁྲིའི་ཁར་སྦར་རོ། ༡༨ ཡང་གླང་ཐུག་དང་ལུག་ཐུག་མི་སྡེའི་ཕྱིར་ཞི་བདེའི་མཆོད་པ་རུ་ཕུལ་ཏེ། ཨ་རོན་གྱི་བུ་རྣམས་ཀྱིས་དེའི་ཁྲག་དེ་ལ་འཁྱེར་འོངས་པ་དང་། དེས་ནི་དེ་མཆོད་ཁྲིའི་མཐའ་འཁོར་དུ་གཡོགས་སོ། ༡༩ ཡང་གླང་ཐུག་དང་ལུག་ཐུག་གི་ཚིལ་དང་རྔ་མ་ཚིལ་ཅན་དང་ནང་ཆ་འགེབས་པའི་ཚིལ་དང་མཁལ་མ་གཉིས་དང་མཆིན་ཡོལ་གྱི། ༢༠ ཚིལ་ཐམས་ཅད་བྲང་རྣམས་ཀྱི་སྟེང་དུ་བཞག་ནས་མཆོད་ཁྲིའི་ཁར་སྦར་བར་བྱས་སོ། ༢༡ ཡང་མོ་ཤེས་བསྒོ་བ་བཞིན་དུ་ཨ་རོན་གྱིས་བྲང་རྣམས་དང་རྐང་པ་གཡས་པ་ཡ་ཧོ་ཝཱའི་ཕྱིར་གཡོ་བའི་མཆོད་པ་རུ་ཕར་ཚུར་གཡོས་སོ༎
༢༢ དེ་ནས་ཨ་རོན་གྱིས་རང་གི་ལག་པ་མི་རྣམས་ཀྱི་ཕྱོགས་སུ་འདེགས་ཤིང་བྱིན་གྱིས་བརླབས་པ་དང་། སྡིག་པའི་ཕྱིར་འབུལ་བའི་མཆོད་པ་དང་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་ཟིན་ནས་བབས་སོ། ༢༣ ཡང་མོ་ཤེ་དང་ཨ་རོན་གཉིས་འདུན་མའི་གུར་མཆོག་གི་ནང་དུ་སོང་བའི་རྗེས་ལ་ཕྱི་རོལ་ཏུ་འོངས་ཤིང་མི་རྣམས་ལ་བྱིན་རླབས་མཛད་པ་ལས། ཡ་ཧོ་ཝཱའི་གཟི་བརྗིད་མི་ཐམས་ཅད་ཀྱིས་མཐོང་བར་གྱུར་ཏོ། ༢༤ ཡང་ཡ་ཧོ་ཝཱའི་དྲུང་ནས་མེ་ཞིག་བྱུང་ཞིང་མཆོད་ཁྲིའི་ཁར་ཡོད་པའི་སྦྱིན་སྲེག་དང་ཚིལ་ཟོས་པ་དང་། མི་ཐམས་ཅད་ཀྱིས་དེ་མཐོང་བས་ཅ་ཅོ་ཆེན་པོ་འདོན་ཞིང་ལུས་ས་ལ་བརྡབས་སོ༎