༡༠
ཡང་ཨ་རོན་གྱི་བུ་ནཱ་དབ་དང་ཨ་བི་ཧུ་གཉིས་ཀྱིས་རང་གི་སྤོས་ཕོར་བླངས་ནས་དེ་ནང་མེ་བཅུག་ནས། དེའི་སྟེང་དུ་བདུག་སྤོས་བཏབ་པ་དང་། ཡ་ཧོ་ཝཱས་བཀའ་མ་གནང་བའི་ཐུན་མོང་གི་མེ་ཞིག་ཡ་ཧོ་ཝཱའི་ཞལ་ངོར་འཁྱེར་འོངས་སོ།  དེར་ཡ་ཧོ་ཝཱའི་དྲུང་ནས་མེ་ཞིག་བྱུང་ནས་དེ་དག་ཟོས་པས་ཡ་ཧོ་ཝཱའི་དྲུང་དུ་ཤིའོ།  དེར་མོ་ཤེས་ཨ་རོན་ལ། ཡ་ཧོ་ཝཱས་འདི་སྐད་ཅེས་བཀའ་སྩལ་པ། ངའི་དྲུང་དུ་འོང་བ་རྣམས་ཀྱི་ནང་ན་ང་དམ་པར་བྱ་བ་དང་། མི་ཐམས་ཅད་ཀྱི་མཐོང་ངོར་དེ་དག་གིས་ང་ལ་སྟོད་པ་བྱེད་པར་འགྱུར་རོ་ཞེས་སྨྲས་པས་ཨ་རོན་ཁ་རོག་ཏུ་བསྡད་དོ༎
 ཡང་མོ་ཤེས་ཨ་རོན་གྱི་ཕའི་སྤུན་ཨུ་ཟི་ཨེལ་བྱ་བའི་བུ་མི་ཤ་ཨེལ་དང་ཨེལ་ཚ་ཕན་གཉིས་བོས་ནས་དེ་དག་ལ། ད་ཚུར་ཤོག་ལ་ཁྱེད་ཀྱི་སྤུན་གྱི་རོ་རྣམས་མཆོད་ཁང་གི་ནང་ནས་ཚོགས་རའི་ཕྱི་རོལ་ཏུ་ཁྱེར་ཞིག་ཅེས་སྨྲས་ནས།  དེ་དག་ཚུར་འོངས་ནས་མོ་ཤེས་སྨྲས་པ་བཞིན་དུ་དེ་དག་གི་རོ་རྣམས་ཨང་ཐུང་མ་ཕུད་དེ་ཚོགས་རའི་ཕྱི་རོལ་ཏུ་ཁྱེར་ཏོ།  ཡང་མོ་ཤེས་ཨ་རོན་དང་དེའི་བུ་ཨེལ་ཨ་ཟར་དང་ཨི་ཐ་མར་གཉིས་ལ། ཁྱེད་ཀྱི་མགོ་ལ་ཞྭ་མོ་མ་གོན་པར་མ་བྱེད་ལ་གོས་རྣམས་ཀྱང་མ་དྲལ་ཞིག ཅི་ལ་ཞེ་ན། ཁྱེད་མི་འཆི་བ་དང་མི་ཚོགས་ཐམས་ཅད་ལ་ཐུགས་ཁྲོ་བ་ཞིག་མི་འབབ་པའི་ཕྱིར་རོ། ཁྱེད་ཀྱི་སྤུན་རྣམས་ཨིས་ར་ཨེལ་གྱི་ཁྱིམ་ཚང་གིས་ཡ་ཧོ་ཝཱས་མཛད་པའི་མེ་འདིའི་ཕྱིར་སྨྲེ་སྔགས་འདོན་ཆོག་གོ།  ཡང་ཁྱེད་ཅག་མི་འཆི་བའི་ཕྱིར་འདུན་མའི་གུར་མཆོག་གི་སྒོའི་ཕྱི་རུ་མ་འགྲོ་ཞིག ཡ་ཧོ་ཝཱའི་བྱུགས་སྤོས་ཁྱེད་ཀྱི་ལུས་ལ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པས། དེ་དག་གིས་མོ་ཤེའི་བཀའ་བཞིན་དུ་བྱས་སོ༎
 ཡང་ཡ་ཧོ་ཝཱས་ཨ་རོན་ལ་འདི་སྐད་དུ།  ཁྱེད་འདུན་མའི་གུར་མཆོག་གི་ནང་དུ་འཇུག་པའི་ཚེ་ཁྱོད་ཤི་ཡིས་དོགས་པས་ཁྱོད་བུ་རྣམས་དང་བཅས་པས་རྒུན་ཆང་ངམ་སྨྱོ་བྱེད་འཐུང་བར་མི་རུང་ངོ་། དེ་ནི་ཁྱེད་ཀྱི་བུ་བརྒྱུད་ཀྱི་བར་དུ་ནམ་ཡང་མི་འགྱུར་བའི་སྤྱད་མཚམས་ཤིག་ཡོད་པར་དགོས། ༡༠ དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་རྫས་དམ་པ་དང་ཐུན་མོང་ཡིན་པ་དང་། གཙང་བ་ཡིན་པ་དང་གཙང་བ་མ་ཡིན་པའི་བྱེ་བྲག་ཤེས་པ་དང་། ༡༡ ཡ་ཧོ་ཝཱས་མོ་ཤེའི་ངག་གི་སྒོ་ནས་ཁྱེད་རྣམས་ལ་གསུང་པའི་བཀའ་ཐམས་ཅད་ཨིས་ར་ཨེལ་གྱི་བུ་རྣམས་སློབ་ཏུ་འཇུག་པའི་ཕྱིར་རོ་ཞེས་བཀའ་གནང་ངོ་༎
༡༢ ཡང་མོ་ཤེས་ཨ་རོན་དང་དེ་ལ་ལུས་པའི་བུ་ཨེལ་ཨ་ཟར་དང་ཨི་ཐ་མར་གཉིས་ལ་འདི་སྐད་དུ། ཡ་ཧོ་ཝཱ་ལ་ཕུལ་བའི་སྦྱིན་སྲེག་ལས་ལྷག་མ་ལུས་པའི་ཞལ་ཟས་ལེན་ཏེ་མཆོད་ཁྲིའི་མདུན་དུ་སྐྱུར་རྩི་མེད་པར་ཟོས་ཤིག ཀུན་ལས་དམ་པ་ཞིག་ཡིན་པའི་ཕྱིར་རོ། ༡༣ ཁྱེད་ཀྱིས་གནས་དམ་པ་རུ་དེ་ཟ་བར་དགོས། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ལ་ཕུལ་བའི་སྦྱིན་སྲེག་རྣམས་ལས་དེ་ཁྱོད་ཀྱི་ཐོབ་སྐལ་ཡང་ཡིན་པའི་ཕྱིར་རོ། དེ་ལྟར་ང་ལ་བཀའ་གནང་ངོ་། ༡༤ ཡང་ཕར་ཚུར་གཡོས་པའི་བྲང་དང་སྤར་བའི་རྐང་པ་ཁྱོད་རང་བུ་དང་བུ་མོ་རྣམས་དང་བཅས་པས་གནས་མི་གཙང་བ་མེད་པ་ཞིག་ཏུ་ཟ་བར་དགོས། དེ་ནི་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཕུལ་བའི་ཞི་བདེའི་མཆོད་པ་རྣམས་ལས་ཁྱོད་ཀྱི་ཐོབ་སྐལ་དང་ཁྱོད་ཀྱི་བུ་རྣམས་ཀྱི་ཐོབ་སྐལ་དུ་ཐོབ་པའི་ཕྱིར་རོ། ༡༥ དེ་དག་གིས་ཚིལ་གྱི་སྦྱིན་སྲེག་དང་མཉམ་དུ་ཡ་ཧོ་ཝཱ་ལ་ཕར་ཚུར་གཡོ་བའི་འབུལ་བའི་ཕྱིར་གཡོས་པའི་རྐང་པ་དང་སྤར་བའི་བྲང་འཁྱེར་འོང་བར་དགོས་པ་དེ་ཁྱོད་བུ་རྣམས་དང་བཅས་པའི་ཐོབ་སྐལ་རྟག་ཏུ་ཡོད་པར་དགོས་སོ། ཞེས་པའི་བཀའ་ཡ་ཧོ་ཝཱས་གནང་ངོ་ཞེས་སྨྲས་སོ༎
༡༦ ཡང་མོ་ཤེས་སྡིག་པའི་ཕྱིར་ཕུལ་བའི་ལུག་ཐུག་བཙལ་ནས། བསྲེགས་ཟིན་པར་མཐོང་བས། ཨ་རོན་གྱི་བུ་ལུས་པ་ཨེལ་ཨ་ཟར་དང་ཨི་ཐ་མར་གཉིས་ལ་ཁྲོས་ཏེ་དེ་དག་ལ། ༡༧ སྡིག་པའི་ཕྱིར་ཕུལ་བ་དེ་གནས་དམ་པ་རུ་ཁྱེད་ཀྱིས་ཅི་ལ་མ་ཟོས་པ་ཡིན། དེ་ནི་ཀུན་ལས་དམ་པ་ཡིན་ཏེ་ཁྱེད་ཀྱིས་མི་ཚོགས་ཀྱི་ནོངས་པ་འཁྱེར་ཞིང་ཡ་ཧོ་ཝཱའི་ཞབས་དྲུང་དུ་སྡིག་བཤགས་བྱེད་པའི་ཕྱིར་ཁོང་གིས་ཁྱོད་ཅག་ལ་མ་གནང་ངམ། ༡༨ ལྟོས་ཤིག་དེའི་ཁྲག་མཆོད་ཁང་གི་ནང་དུ་ངེས་པར་འཁྱེར་དགོས་པ་ཡིན། ང་ལ་བཀའ་སྩལ་པ་བཞིན་དུ་ཁྱོད་རྣམས་ཀྱིས་དེ་གནས་དམ་པ་རུ་ཟ་བར་དགོས་སོ་ཞེས་སྨྲས་པས། ༡༩ ཨ་རོན་གྱིས་མོ་ཤེ་ལ། གཟིགས་ཤིག་དེ་རིང་དེ་དག་གིས་རང་གི་སྡིག་པའི་ཕྱིར་མཆོད་པ་དང་སྦྱིན་སྲེག་ཡ་ཧོ་ཝཱ་ལ་འབུལ་ཞིང་ང་ལ་བྱ་བ་དེ་ལྟ་བུ་ཞིག་བྱུང་བས་དེ་དག་གིས་དེ་རིང་སྡིག་པའི་ཕྱིར་ཕུལ་བ་དེ་ཟོས་ན། ཡ་ཧོ་ཝཱས་དེ་ལ་ཐུགས་དགྱེས་པའང་སྲིད་དམ། ༢༠ ཞེས་སྨྲས་པ་མོ་ཤེས་ཐོས་ནས་དགའ་བར་གྱུར་ཏོ༎