༡༡
ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་གསུངས་པ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ས་གཞི་ལ་ཡོད་པའི་དུད་འགྲོ་ཐམས་ཅད་ལས་ཁྱོད་ཀྱིས་ཟ་བར་རུང་བའི་དུད་འགྲོ་རྣམས་འདི་དག་གོ།  དུད་འགྲོ་གང་ཡང་རུང་བའི་རྨིག་པ་ཁ་བྲག་རྨིག་པ་རྩེ་གཉིས་ཅན་དང་སྐྱུག་ལྡད་བྱེད་པ་རྣམས་ཟ་བར་རུང་ངོ་།  དུད་འགྲོ་སྐྱུག་ལྡད་བྱེད་པ་དང་རྨིག་པ་ཁ་བྲག་རྣམས་ལས་འདི་འབའ་ཞིག་ཟ་བར་མི་རུང་ཞེ་ན། རྔ་མོང་ནི་སྐྱུག་ལྡད་བྱེད་ཀྱང་རྨིག་པ་ཁ་བྲག་དང་མི་ལྡན་པ་དེ་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པར་དགོས།  ཡང་འཕྱི་བ་སྐྱུག་ལྡད་བྱེད་ཀྱང་རྨིག་པ་ཁ་བྲག་མེད་པས་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན།  རི་བོང་ཡང་སྐྱུག་ལྡད་བྱེད་ཀྱང་རྨིག་པ་ཁ་བྲག་མེད་པས་ཁྱེད་ལ་མི་གཙང་བ་ཡིན།  ཕག་པ་ཡང་རྨིག་པ་ཁ་བྲག་ཅན་རྨིག་པ་རྩེ་གཉིས་ཡོད་ཀྱང་། སྐྱུག་ལྡད་མི་བྱེད་པས་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན།  དེ་དག་གི་ཤ་ལས་ཀྱང་ཁྱོད་རྣམས་མ་ཟ། རོ་རྣམས་ལ་ཡང་མ་རེག དེ་དག་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་ནོ༎
 ཡང་ཆུ་ལ་ཡོད་པ་ཐམས་ཅད་ལས་ཟ་བར་རུང་བ་འདི་ལྟ་སྟེ། ཤོག་པ་དང་ཉ་སག་དང་ལྡན་པའི་ཉ་གང་ཡང་ཡིན་པ་ཆུ་ཞེ་ན། རྒྱ་མཚོའམ་གཙང་པོ་རྣམས་ལ་ཡོད་པ་ཟ་བར་རུང་གི། ༡༠ ཆུ་ལ་གནས་པའི་སྲོག་ཆགས་ཐམས་ཅད་དང་། རྒྱ་མཚོའམ་གཙང་པོ་རྣམས་ཀྱི་ཆུ་ལ་རྒྱུ་བ་ཐམས་ཅད་ལས་གང་ལ་ཉ་ཤོག་དང་ཉ་སག་མེད་པ་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པར་དགོས་སོ། ༡༡ དེ་དག་ནི་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པས་དེ་དག་གི་ཤ་ལས་མ་ཟ། རོ་ཡང་མི་གཙང་བར་རྩི་བར་དགོས་སོ། ༡༢ ཉ་ཤོག་དང་ཉ་སག་དང་མི་ལྡན་པའི་ཆུའི་སེམས་ཅན་གང་ཡང་རུང་བ་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན།
༡༣ ཡང་འདབ་ཆགས་ལས་ཁྱོད་ཅག་གིས་མི་གཙང་བར་རྩི་རྒྱུ་ཡིན་པ་ནི་མི་གཙང་བ་ཡིན་པས་ཟ་བར་མི་རུང་བ་རྣམས་འདི་ཡིན། གླག་དང་ཕེ་རེས་དང་གོ་བོ་དང་། ༡༤ སྐྱ་ཁྲ་དང་བྱ་རྒོད་ཀྱི་རིགས་དང་། ༡༥ ཕོ་རོག་གི་རིགས་སྣ་ཚོགས་དང་། ༡༦ རྔ་མོང་བྱ་དང་བྱ་ཕ་ཝང་དང་ཁུ་བྱུག་དང་ཐང་དཀར་གྱི་རིགས་དང་། ༡༧ འུག་ཆུང་དང་ཆུ་སྐྱར་དང་འུག་རྒན་དང་། ༡༨ བཞད་དང་ཁ་སད་དང་གོག་རད་དང་། ༡༩ ཁྲུང་ཁྲུང་དང་ཆུ་སྲེག་གི་རིགས་དང་ཕུ་ཤུད་དང་ཕ་ཝང་རྣམས་སོ༎
༢༠ ཡང་འབུ་རྐང་བཞི་པ་ཤོག་པ་ཅན་ཐམས་ཅད་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པར་དགོས། ༢༡ འབུ་རྐང་བཞི་པ་ཤོག་པ་ཅན་གྱི་རིགས་ལས་ཁྱེད་ཀྱིས་ཟ་བར་རུང་བ་རྣམས་འདི་འབའ་ཞིག་ཡིན། ས་ལ་མཆོང་བའི་ཕྱིར་རྐང་པའི་སྟོད་ལ་དལ་མོ་དང་ལྡན་པ་རྣམས་ལས། ༢༢ ཁྱེད་ཀྱིས་ཟ་བར་རུང་བ་རྣམས་འདི་ལྟ་སྟེ། ཆ་ག་འབུའི་རིགས་དང་ཀྱི་རིག་རྩེའི་རིགས་དང་ཅོག་ཅོག་པའི་རིགས་དང་ཚེ་རག་འབུའི་རིགས་སོ། ༢༣ འོན་ཀྱང་འབུ་རྐང་བཞི་བ་ཤོག་པ་ཅན་ཐམས་ཅད་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པར་དགོས་སོ༎
༢༤ དེ་དག་གི་རྐྱེན་གྱིས་ཁྱེད་མི་གཙང་བར་འགྱུར་བས། སུས་ཀྱང་དེ་དག་གི་རོ་ལ་རེག་པ་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་བྱའོ། ༢༥ ཡང་སུས་ཀྱང་དེ་དག་གི་རོ་འཁྱེར་བས། རང་གི་གོས་རྣམས་འཁྲུད་དེ་དགོངས་མོའི་བར་དུ་མི་གཙང་བར་ཡིན་པར་དགོས་སོ། ༢༦ དུད་འགྲོ་གང་ཡང་རུང་བའི་རྨིག་པ་ཁ་བྲག་ཡོད་ཀྱང་རྨིག་པ་རྩེ་གཉིས་དང་མི་ལྡན་པ་དང་སྐྱུག་ལྡད་མི་བྱེད་པ་རྣམས་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན། དེ་ལ་རེག་པའི་མི་སུ་ཡང་མི་གཙང་བ་ཡིན་པར་དགོས། ༢༧ ཡང་རྐང་བཞི་པའི་དུད་འགྲོའི་ཁྲོད་ནས་གང་རྣམས་སྦར་མོའི་ཁར་འགྲུལ་བ་ཐམས་ཅད་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པར་དགོས། དེའི་རོ་ལ་རེག་པའི་མི་སུ་ཡིན་ཀྱང་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས། ༢༨ ཡང་དེའི་རོ་འཁུར་བའི་མིས་རང་གི་གོས་རྣམས་འཁྲུད་དེ་དགོངས་མོའི་བར་དུ་མི་གཙང་བ་ཡིན། དེ་དག་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པའི་ཕྱིར་རོ༎
༢༩ ཡང་ས་རུ་ལྟོ་བས་འགྲུལ་བའི་སེམས་ཅན་རྣམས་ནས་ཁྱེད་ཀྱི་ཕྱིར་མི་གཙང་བ་འདི་དག་ཡིན། རྫ་བྲ་དང་བྱི་བ་དང་རྨིགས་པའི་རིགས་དང་། ༣༠ རྒག་ཅིག་དང་སྦལ་པ་དང་རུས་སྦལ་དང་སྐྱོགས་ལྟོ་བུ་དང་ཐིན་ཤ་མེད་དོ། ༣༡ འབུའི་རིགས་རྣམས་ནས་དེ་དག་ནི་ཁྱེད་ཀྱི་ཕྱིར་མི་གཙང་བ་ཡིན་པར་དགོས་པས། དེ་དག་གི་ཤི་རོ་ལ་སུས་ཀྱང་རེག་པ་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས་སོ། ༣༢ ཡང་རྫས་གང་ལ་དེ་དག་ལས་གཅིག་གི་ཤི་རོ་ལྟུང་བ་དེ་མི་གཙང་བ་ཡིན་པར་དགོས། ཤིང་གི་སྣོད་དམ། ཀོ་བའམ་གོས་སམ་ཕད་དམ་ལག་ཆ་གང་ཡིན་པ་ཆུར་འཇུག་པ་དང་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས། དེའི་རྗེས་ལ་གཙང་བར་བྱའོ། ༣༣ ཡང་དེ་དག་ལས་གཅིག་རྫའི་སྣོད་དུ་ལྟུང་ན་དེའི་ནང་ན་ཡོད་པ་ཐམས་ཅད་མི་གཙང་བར་གྱུར་པ་དང་སྣོད་རང་གཅོག་པར་དགོས་སོ། ༣༤ ཟ་རྒྱུ་ཡིན་པའི་ཁ་ཟས་གང་ལ་དེ་ལྟ་བུའི་ཆུ་འོང་བ་མི་གཙང་བ་དང་དེ་ལྟ་བུའི་སྣོད་གང་ལ་ཡང་འཐུང་རྒྱུ་ཡིན་པའི་བཏུང་བ་གང་ཡང་མི་གཙང་བ་ཡིན་པར་དགོས་སོ། ༣༥ ཡང་དེ་དག་གི་རོ་ལས་ཉུང་ངུ་ཞིག་གང་ཞིག་ཏུ་ལྟུང་བ་རྫས་དེ་མི་གཙང་བར་འགྱུར་བ་དང་མེ་ཐབ་ཡང་འཇིག་པར་དགོས་སོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་མི་གཙང་བ་ཡིན་པས། ཁྱེད་ཀྱིས་མི་གཙང་བར་ཡང་རྩི་དགོས་པའི་ཕྱིར་རོ། ༣༦ ཆུ་མིག་དང་ཁྲོན་པ་དང་ཆུ་ཟོམ་རྣམས་གཅིག་པོ་གཙང་བ་ཡིན་གྱི། དེ་དག་གི་རོ་ལ་རེག་པའི་མི་ནི་མི་གཙང་བ་ཡིན་པར་བྱའོ། ༣༧ ཡང་གལ་ཏེ་དེ་དག་གི་རོ་ཞིག་འདེབས་རྒྱུ་ཡིན་པའི་ས་བོན་ཁྲོད་ལྟུང་ན་གཙང་བ་ཡིན། ༣༨ ཅི་སྟེ་ས་བོན་དེ་ལ་ཆུ་བརྒྱབ་ནས་དེ་དག་གི་རོ་ཞིག་དེ་ལ་ལྟུང་ན་ཁྱེད་ཀྱི་ཕྱིར་མི་གཙང་བར་གྱུར་ཅིག
༣༩ ཡང་གལ་ཏེ་ཁྱེད་ཀྱི་ཁ་ཟས་སུ་གནང་བའི་དུད་འགྲོ་ཞིག་ཤི་ན་དེའི་རོ་ལ་རེག་པའི་མི་དགོངས་མོའི་བར་དུ་མི་གཙང་བར་བྱ། ༤༠ ཡང་དེའི་རོ་ལས་ཟ་བའི་མིས་རང་གི་གོས་རྣམས་འཁྲུད་ཅིང་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས་པ་དང་། དེའི་རོ་འཁུར་བའི་མིས་རང་གི་གོས་རྣམས་འཁྲུད་ཅིང་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་བྱའོ༎
༤༡ ས་ལ་ལྟོ་བས་འགྲུལ་བའི་སྲིན་བུ་གང་ཡིན་པ་མི་གཙང་བ་ཡིན་པས་ཟ་བར་མི་རུང་ངོ་། ༤༢ ལྟོ་འགྲོ་གང་ཡིན་པ་རྐང་པ་བཞིའམ་དེ་ལས་ལྷག་པ་དང་ལྡན་པའི་སྲིན་བུ་ས་ལ་ལྟོ་བས་འགྲུལ་བ་ཐམས་ཅད་འབག་པ་ཡིན་པས་ཟ་བར་མི་རུང་ངོ་། ༤༣ ལྟོ་བས་འགྲུལ་བའི་སྲིན་བུ་དེ་ཐམས་ཅད་ཀྱི་རྐྱེན་གྱིས་ཁྱེད་ཀྱི་སེམས་འབག་པར་མ་བྱེད་ལ། ཁྱེད་དེ་དག་གི་སྒོ་ནས་མི་གཙང་བར་འགྱུར་བའི་རྐྱེན་གྱིས་ཁྱོད་རང་གིས་མི་གཙང་བར་བྱེད་པ་ལས་སྲུངས་ཤིག ༤༤ དེ་ཅིའི་ཕྱིར་ཞེ་ན། ང་ནི་ཡ་ཧོ་ཝཱ་ཁྱེད་ཅག་གི་དཀོན་མཆོག་དམ་པ་ཡིན་པས་ཁྱེད་ཀྱིས་ནི་རང་དམ་པར་བྱེད་ཅིང་དམ་པར་བྱ་སྟེ། ཁྱེད་རང་གི་སེམས་ས་ལ་ལྟོ་བས་འགྲུལ་བའི་སྲིན་བུ་རྣམས་ཀྱི་སྒོ་ནས་གང་གིས་ཀྱང་མི་གཙང་བར་བྱེད་པ་མི་རུང་བའི་ཕྱིར་རོ། ༤༥ ང་ཡ་ཧོ་ཝཱ་ནི་ཁྱོད་ཅག་གི་དཀོན་མཆོག་ཡིན་པའི་དོན་དུ་ཁྱོད་ཅག་མི་སེར་ཡུལ་ནས་ཡར་ཁྲིད་པས། ང་ནི་དམ་པ་ཡིན་པའི་ཕྱིར་དུ་ཁྱོད་ཅག་ཀྱང་དམ་པ་ཡིན་པར་དགོས་སོ་ཞེས་བཀའ་གནང་ངོ་༎
༤༦ དེ་ནི་དུད་འགྲོ་དང་འདབ་ཆགས་དང་ཆུ་ལ་རྒྱུ་བའི་སྲོག་ཆགས་ཐམས་ཅད་དང་ས་ལ་ལྟོ་བས་འགྲུལ་བའི་སྲོག་ཆགས་ཐམས་ཅད་ལ་རྟེན་པའི་ཚུལ་ཁྲིམས་ཡིན་ཏེ། ༤༧ གཙང་བ་ཡིན་པ་དང་གཙང་བ་མ་ཡིན་པ་དང་། ཟ་བར་རུང་བའི་དུད་འགྲོ་དང་ཟ་བར་མི་རུང་བའི་དུད་འགྲོའི་བྱེ་བྲག་རྟོགས་པའི་ཕྱིར་རོ༎