༡༢
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་སྨྲོས་ཤིག བུད་མེད་ཅིག་མངལ་དང་ལྡན་པར་གྱུར་ནས་དེ་ལ་བུ་སྐྱེ་ན། ཟླ་མཚན་དང་ལྡན་པའི་སྐབས་སུ་མི་གཙང་བ་ཡིན་པ་དང་འདྲ་བར་ད་ཡང་ཞག་བདུན་གྱི་བར་དུ་མི་གཙང་བ་ཡིན་པར་དགོས་སོ།  ཞག་བརྒྱད་པ་ལ་བུའི་མདུན་ལྤགས་ཀྱི་ཤ་གཅོད་པར་དགོས།  ཡང་ཞག་སུམ་ཅུ་སོ་གསུམ་གཙང་སྦྲ་བྱེད་པའི་ཁྲག་ནང་མལ་ལ་སྡོད་ཅིང་། གཙང་སྦྲ་བྱེད་པའི་ཉིན་མོ་རྣམས་མ་རྫོགས་པའི་བར་དུ་རྫས་དམ་པ་ཞིག་ལ་རེག་པའམ་གནས་དམ་པ་རུ་འོང་བར་མི་རུང་ངོ་།  ཡང་གལ་ཏེ་དེ་ལ་བུ་མོ་ཞིག་སྐྱེ་ན་ཟླ་མཚན་དང་ལྡན་སྐབས་སུ་མི་གཙང་བ་ཡིན་པ་དང་འདྲ་བར་བདུན་ཕྲག་གཉིས་ཀྱི་བར་དུ་མི་གཙང་བ་ཡིན་པར་དགོས་སོ། ཡང་གཙང་སྦྲ་བྱེད་པའི་ཁྲག་གི་ནང་དུ་ཞག་དྲུག་ཅུ་རེ་དྲུག་མལ་ལ་སྡོད་པར་དགོས།
 ཡང་བུའམ་བུ་མོའི་ཕྱིར་གཙང་སྦྲ་བྱེད་པའི་དུས་རྫོགས་ནས་བུད་མེད་ནི་གུར་མཆོག་གི་སྒོའི་འགྲམ་དུ་བླ་མ་ལ་སྦྱིན་སྲེག་ཏུ་ལུག་གུ་ལོ་གཅིག་པ་དང་། ཐི་བའམ་ཕུག་རོན་ཆུང་བ་ཞིག་སྡིག་པའི་ཕྱིར་འབུལ་བ་དང་མཆོད་པར་འབུལ་བར་དགོས་སོ།  ཡང་བླ་མས་འབུལ་བ་དེ་རྣམས་ཡ་ཧོ་ཝཱ་ལ་འབུལ་ཞིང་བུད་མེད་ཀྱི་ཕྱིར་སྡིག་བཤགས་བྱེད་པར་དགོས། ད་ནས་དེ་མངལ་ཁྲག་ལས་གཙང་བར་འགྱུར་ཡོང་། དེ་ནི་བུ་དང་བུ་མོ་སྐྱེ་བའི་སྐབས་སུ་བུད་མེད་ལ་རྟེན་པའི་ཚུལ་ཁྲིམས་ཡིན་ནོ།  ཡང་གལ་ཏེ་ལུག་གུ་འབུལ་བའི་ཕྱིར་བུད་མེད་ལ་ནོར་མེད་ན། ཐི་བ་གཉིས་སམ་ཕུག་རོན་ཆུང་བ་གཉིས་འཁྱེར་འོང་ནས་གཅིག་ནི་སྦྱིན་སྲེག་དང་གཅིག་སྡིག་པའི་ཕྱིར་མཆོད་པར་འབུལ་བར་དགོས་ཏེ། བླ་མས་དེའི་ཕྱིར་སྡིག་བཤགས་བྱས་ནས་མོ་གཙང་བར་འགྱུར་བར་བྱའོ་ཅེས་བཀའ་གནང་ངོ་༎