༡༣
ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་འདི་སྐད་དུ། ༢ མི་ཞིག་གི་ལུས་ཀྱི་པགས་པ་ལ་སྐྲང་འབུར་རམ་ཤུ་བའམ་ཐིག་ལེ་ལྷག་ལྷག་བྱུང་ནས་མི་དེའི་ལུས་ཀྱི་པགས་པ་རུ་མཛེ་གཉན་གྱི་རྟགས་སུ་འགྱུར་ན། བླ་མ་ཨ་རོན་ཡང་ན་དེའི་བུ་བླ་མ་བྱེད་པ་རྣམས་ཀྱི་དྲུང་དུ་འཁྲིད་དགོས་སོ། ༣ ཡང་བླ་མས་ལུས་ཀྱི་པགས་པ་ལ་ཡོད་པའི་རྟགས་ལ་བལྟས་ནས་རྟགས་ལ་ཡོད་པའི་བ་སྤུ་རྣམས་དཀར་པོར་འགྱུར་ཞིང་ལུས་ཀྱི་པགས་པ་ལས་རྟགས་དེ་དམའ་བར་འགྱུར་བར་མཐོང་ན། མཛེ་གཉན་གྱི་རྟགས་ཡིན་པས། བླ་མས་དེ་ལ་བལྟས་ནས་མི་དེ་མི་གཙང་བ་ཡིན་ཞེས་སྒྲོག་པར་དགོས། ༤ ཡང་གལ་ཏེ་ལུས་ཀྱི་པགས་པ་ལ་ཐིག་ལེ་དཀར་པོ་ཞིག་ཡོད་ཅིང་པགས་པ་ལས་དམའ་བར་མ་མཐོང་བ་དང་། བ་སྤུ་རྣམས་ཀྱང་དཀར་པོར་གྱུར་པ་མ་ཡིན་ན། རྟགས་དང་ལྡན་པའི་མི་དེ་བླ་མས་ཞག་བདུན་གྱི་བར་དུ་དགར་བར་དགོས། ༥ ཡང་ཞག་བདུན་པ་ལ་བླ་མས་དེ་ལ་བལྟས་ནས་རྟགས་ཀྱི་གཟུགས་མ་གྱུར་བར་སྔར་ལྟར་གནས་ཤིང་པགས་པ་རུ་རྟགས་མ་འཕེལ་བར་མཐོང་ན། བླ་མས་མི་དེ་ཡང་ཞག་བདུན་གྱི་བར་དུ་དགར་བར་དགོས། ༦ ཡང་ཞག་བདུན་པར་བླ་མས་དེ་ལ་སླར་ཡང་བལྟས་ནས་རྟགས་སྐྱ་བོར་གྱུར་ཞིང་པགས་པ་རུ་རྟགས་མ་འཕེལ་བར་མཐོང་ན། བླ་མས་མི་དེ་གཙང་མ་ཡིན་ཞེས་སྒྲོག་པར་དགོས། ཅི་ལ་ཟེར་ན། ཤུ་བ་ཡིན་པའི་ཕྱིར་རོ། མི་དེས་གོས་རྣམས་ཁྲུས་ནས་གཙང་བ་ཡིན་ནོ། ༧ འོན་ཀྱང་བླ་མས་དེ་ལ་བལྟས་པས་གཙང་བ་ཡིན་ཟེར་ནས་ཀྱང་དེའི་འོག་ཏུ་པགས་པ་ལ་འཕེལ་ན་སླར་ཡང་བླ་མས་མི་དེ་ལ་ལྟ་དགོས། ༨ ཡང་བླ་མས་དེ་ལ་བལྟས་ནས་པགས་པའི་ཤུ་བ་འཕེལ་བར་མཐོང་ན་མཛེ་ནད་ཡིན་པས་བླ་མས་མི་དེ་ནི་མི་གཙང་བ་ཡིན་ཞེས་སྒྲོག་པར་དགོས།༩ མཛེ་ནད་ཀྱི་རྟགས་མི་ཞིག་ལ་ཡོད་ན་བླ་མའི་དྲུང་དུ་འཁྲིད་པར་དགོས། ༡༠ ཡང་བླ་མས་དེ་ལ་ལྟ་ཞིང་པགས་པ་ལ་སྐྲངས་འབུར་དཀར་པོ་དང་དེ་ལ་བ་སྤུ་རྣམས་དཀར་པོར་སོང་བ་དང་སྐྲངས་འབུར་ལ་ཤ་མདོག་དམར་པོའི་རྟགས་ཡོད་པར་མཐོང་ན། ༡༡ ལུས་ཀྱི་པགས་པ་ལ་མཛེ་ནད་རྙིང་པ་ཞིག་ཡིན་པས་བླ་མས་དེ་མི་གཙང་མ་ཡིན་ཞེས་སྒྲོག་པ་དང་། མི་དེ་མི་གཙང་བ་ཡིན་པའི་ཕྱིར་དགར་བར་མི་དགོས་སོ། ༡༢ ཡང་གལ་ཏེ་མཛེ་ནད་པགས་པ་ཀུན་ཏུ་འཐོར་ཞིང་མཛེ་ནད་ཀྱི་རྟགས་དང་ལྡན་པའི་མིའི་པགས་པ་ཀུན་བླ་མས་མཐོང་བ་ཙམ་དུ་མགོ་ནས་རྐང་པའི་བར་དུ་ཁྱབ་སྟེ། ༡༣ བླ་མས་དེ་ལ་ལྟ་ཞིང་ལུས་ཐམས་ཅད་མཛེ་ནད་ཀྱིས་ཁྱབ་པར་མཐོང་ན། རྟགས་དང་ལྡན་པའི་མི་དེ་ནི་གཙང་བ་ཡིན་ཞེས་སྒྲོག་པར་དགོས། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དཀར་པོ་སོང་བས་གཙང་མ་ཡིན་པའི་ཕྱིར་རོ། ༡༤ འོན་ཀྱང་བླ་མས་དེ་ལ་ལྟ་བའི་ཉིན་མོར་ཤ་རྗེན་པ་ཞིག་དེ་ལ་ཡོད་ན་མི་གཙང་བ་ཡིན་པར་དགོས་སོ། ༡༥ ཤ་རྗེན་པ་མི་གཙང་བ་ཡིན་ཏེ་མཛེ་ནད་ཡིན་པས། གལ་ཏེ་བླ་མས་ཤ་རྗེན་པ་མཐོང་ན་དེ་ནི་མི་གཙང་བ་ཡིན་ཞེས་སྒྲོག་པར་དགོས། ༡༦ འོན་ཀྱང་གལ་ཏེ་ཤ་རྗེན་པ་དཀར་པོ་རུ་གྱུར་ན་ཁོ་བླ་མའི་དྲུང་དུ་འོང་བ་དང་། ༡༧ བླ་མས་དེ་ལ་བལྟས་ནས་རྟགས་དཀར་པོ་རུ་གྱུར་པ་མཐོང་ན་རྟགས་དང་ལྡན་པ་ནི་གཙང་བར་གྱུར་པའི་ཕྱིར་བླ་མས་མི་དེ་གཙང་བ་ཡིན་ཞེས་སྒྲོག་པར་དགོས།
༡༨ ཡང་ལུས་ཀྱི་པགས་པ་ལ་ཐོར་བ་ཞིག་བྱུང་བའི་རྗེས་ལ་གསོ་བར་གྱུར་ནས། ༡༩ ཐོར་བའི་མལ་ལ་སྐྲངས་འབུར་དཀར་པོའམ་ཐིག་ལེ་སྐྱ་བོ་ཞིག་འབྱུང་ན་བླ་མས་དེ་ལ་ལྟ་བར་དགོས། ༢༠ ཡང་བླ་མས་དེ་ལ་ལྟ་ཞིང་པགས་པ་ལས་དེ་དམའ་བ་དང་བ་སྤུ་དཀར་པོ་གྱུར་པ་མཐོང་ན། མཛེ་ནད་ཀྱི་རྟགས་ཡིན་ཞིང་ཐོར་བའི་མལ་ན་འཐོར་བས་བླ་མས་མི་དེ་མི་གཙང་བ་ཡིན་ཞེས་སྒྲོག་པར་དགོས་སོ། ༢༡ ཇི་སྟེ་བླ་མས་དེ་ལ་བལྟས་ནས་བ་སྤུ་དཀར་པོ་མི་མཐོང་ཞིང་པགས་པ་ལས་དམའ་བ་མ་ཡིན་པ་དང་སྐྱ་བོ་ཡིན་པར་མཐོང་ན། བླ་མས་མི་དེ་ཞག་བདུན་གྱི་བར་དུ་དགར་བར་དགོས། ༢༢ ཡང་པགས་པ་རུ་འཕེལ་ན་མཛེ་ནད་ཀྱི་རྟགས་ཡིན་པའི་ཕྱིར་བླ་མས་དེ་མི་གཙང་བ་ཡིན་ཟེར་བར་དགོས། ༢༣ ཐིག་ལེ་དེ་མལ་ལ་སྡོད་ཅིང་མི་འཕེལ་ན་ཐོར་བའི་རྗེས་ཡིན་པས། བླ་མས་དེ་གཙང་བ་ཡིན་ཟེར་བར་དགོས།
༢༤ ཡང་ན་ལུས་ཀྱི་པགས་པ་ལ་འཚིག་པའི་རྨ་ཞིག་ཡིན་པས་འཚིག་པའི་རྨ་ནི་ཐིག་ལེ་སྐྱ་བོའམ་དཀར་པོར་གྱུར་ནས། ༢༥ བླ་མས་དེ་ལ་ལྟ་ཞིང་ཐིག་ལེ་ལ་བ་སྤུ་རྣམས་དཀར་པོར་སྒྱུར་བ་དང་པགས་པ་ལས་དམའ་བ་ཡིན་པར་མཐོང་ན་མཛེ་ནད་ཡིན། འཚིག་པའི་རྨ་ནི་འཐོར་ཞིང་མཛེ་གཉན་གྱི་རྟགས་ཀྱི་རྟགས་ཡིན་པས། བླ་མས་དེ་མི་གཙང་ངོ་ཞེས་སྒྲོག་པར་དགོས་སོ། ༢༦ ཡང་གལ་ཏེ་བླ་མས་དེ་ལ་བལྟས་ཤིང་ཐིག་ལེའི་བ་སྤུ་རྣམས་དཀར་པོར་མ་བསྒྱུར་པ་དང་པགས་པ་ལས་དམའ་བ་མ་ཡིན་ཏེ་སྐྱ་བོ་ཡིན་པར་མཐོང་ན། བླ་མས་མི་དེ་ཞག་བདུན་གྱི་བར་དུ་དགར་བར་དགོས། ༢༧ ཡང་ཞག་བདུན་པ་ལ་བླ་མས་དེ་ལ་བལྟས་ནས་གལ་ཏེ་པགས་པ་ལ་འཕེལ་ན། མཛེ་ནད་ཀྱི་རྟགས་ཡིན་པས་བླ་མས་མི་དེ་མི་གཙང་ངོ་ཞེས་སྒྲོག་པར་དགོས། ༢༨ ཇི་སྟེ་ཐིག་ལེ་དེ་མལ་ལ་སྡོད་ཅིང་པགས་པ་ལ་མི་འཕེལ་ཏེ་སྐྱ་བོ་ཡོད་ན། འཚིག་རྨའི་འབུར་བ་ཡིན་པ་དང་། འཚིག་རྨའི་རྗེས་ཡིན་པའི་ཕྱིར་བླ་མས་མི་དེ་གཙང་བ་ཡིན་ཟེར་བར་དགོས་སོ༎
༢༩ ཡང་གལ་ཏེ་སྐྱེས་པའམ་བུད་མེད་ཀྱི་མགོའམ་ཨག་ཚོམ་དུ་རྟགས་བྱུང་ནས། ༣༠ བླ་མས་རྟགས་ལ་ལྟ་ཞིང་པགས་པ་བས་དམའ་བ་ཡིན་ཏེ་སྐྲ་ཉག་གསེར་པོ་ཕྲ་མོ་དེ་རུ་མཐོང་ན་རྔོའམ། མགོའམ་ཨག་ཚོམ་གྱི་མཛེ་ནད་ཡིན་པས། བླ་མས་མི་དེ་མི་གཙང་ངོ་སྒྲོག་པར་དགོས་སོ། ༣༡ ཅི་སྟེ་བླ་མས་རྔོའི་རྟགས་ལ་བལྟས་ནས་པགས་པ་ལས་དམའ་བ་མེད་པ་དང་། སྐྲ་ནག་པོ་དེ་ན་མེད་པར་མཐོང་ན། བླ་མས་རྔོའི་རྟགས་དང་ལྡན་པའི་མི་དེ་ཞག་བདུན་གྱི་བར་དུ་དགར་བར་དགོས། ༣༢ ཡང་བླ་མས་ཞག་བདུན་པ་དེ་ལ་ལྟ་ཞིང་རྔོ་མ་འཕེལ་ཏེ་སྐྲ་ཉག་གསེར་པོ་ཞིག་དེ་ན་མེད་པ་དང་རྔོ་ནི་པགས་པ་ལས་དམའ་བ་མ་ཡིན་པར་མཐོང་ན། ༣༣ དེ་ནས་དེའི་སྐྲ་འབྲེག་པར་དགོས་ཀྱི། རྔོ་དེ་འབྲེག་པར་མི་རུང་སྟེ། རྔོ་དང་ལྡན་པའི་མི་དེ་བླ་མས་སླར་ཡང་ཞག་བདུན་གྱི་བར་དུ་དགར་བར་དགོས། ༣༤ ཡང་བླ་མས་ཞག་བདུན་པ་ལ་རྔོ་ལ་ལྟ་ཞིང་པགས་པ་ལ་རྔོ་མ་འཕེལ་ཏེ་པགས་པ་བས་དམའ་བ་མ་སོང་བ་མཐོང་ན། བླ་མས་མི་དེ་གཙང་བ་ཡིན་ཞེས་སྒྲོག་པར་དགོས་པ་དང་། དེས་རང་གི་གོས་རྣམས་ཁྲུས་ནས་གཙང་བ་ཡིན་ནོ། ༣༥ ཇི་སྟེ་གཙང་སྦྲ་བྱས་པའི་འོག་ཏུ་རྔོ་པགས་པ་ལ་འཕེལ་བ་དང་། ༣༦ བླ་མས་དེ་ལ་ལྟ་ཞིང་རྔོ་པགས་པ་རུ་འཕེལ་བར་མཐོང་ན། བླ་མས་སྐྲ་ཉག་གསེར་པོ་ལ་ལྟ་བར་མི་དགོས་ཏེ་མི་དེ་མི་གཙང་བ་འདུག་གོ། ༣༧ རྔོ་མལ་དུ་ལུས་ཏེ་དེའི་ནང་ན་སྐྲ་ནག་པོ་སྐྱེ་ན་རྔོ་གསོ་བར་གྱུར་ཏོ། མི་དེ་གཙང་བ་ཡིན་པས་བླ་མས་མི་དེ་གཙང་བ་ཡིན་ཞེས་སྒྲོག་པར་དགོས་སོ༎
༣༨ ཡང་གལ་ཏེ་སྐྱེས་པའམ་བུད་མེད་ལ་ལུས་ཀྱི་པགས་པ་ལ་ཐིག་ལེ་དཀར་པོ་བྱུང་ནས། ༣༩ བླ་མས་དེ་ལ་ལྟ་ཞིང་ལུས་ཀྱི་པགས་པ་ལ་ཐིག་ལེ་སྐྱ་བོའམ་དཀར་པོ་བྱུང་བར་མཐོང་ན་ཕོལ་སྐྱོན་མེད་པ་ཞིག་དེའི་པགས་པ་ལ་འཐོར་བས་མི་གཙང་བ་མི་འདུག
༤༠ ཡང་གལ་ཏེ་སྐྱེས་པ་ཞིག་གི་སྐྲ་སྤྱི་བོ་ནས་འབྱི་ནས་སྤྱི་ཐེར་འགྱུར་ན་མི་གཙང་བ་མ་ཡིན། ༤༡ ཡང་གལ་ཏེ་དཔྲལ་བའི་ཕྱོགས་སུ་མགོའི་སྐྲ་འབྱི་ནས་དཔྲལ་ཐེར་འགྲོ་ན་མི་གཙང་བ་མ་ཡིན། ༤༢ ཇི་སྟེ་སྤྱི་ཐེར་རམ་དཔྲལ་ཐེར་ལ་རྟགས་དཀར་དམར་ཞིག་འབྱུང་ན་སྤྱིའམ་དཔྲལ་བར་འཐོར་བའི་མཛེ་ནད་ཡིན་ནོ། ༤༣ ཡང་བླ་མས་དེ་ལ་ལྟ་ཞིང་ལུས་ཀྱི་པགས་པ་ལ་ཡོད་པའི་མཛེ་ནད་དང་འདྲ་བའི་རྟགས་ཀྱི་ཐོར་བ་དཀར་དམར་ཞིག་སྤྱི་བོའམ་དཔྲལ་བར་མཐོང་ན། ༤༤ མི་དེ་མཛེ་ཅན་ཡིན་པས་མི་གཙང་བ་ཡིན་པ་དང་། དེའི་མགོ་ལ་མཛེ་གཉན་ཡོད་པས། བླ་མས་མི་དེ་རྩ་ནས་མི་གཙང་བ་འདུག་ཅེས་ཟེར་བར་དགོས་སོ༎
༤༥ གཉན་དང་ལྡན་པའི་མི་མཛེ་ཅན་དེའི་གོས་རྣམས་དྲལ་བར་བྱ་བ་དང་། དེའི་མགོ་གཅེར་བུ་དང་ཡ་མཆུ་འགེབས་པར་དགོས་པ་དང་། མི་གཙང་མི་གཙང་ཞེས་སྐད་གཏོང་བར་དགོས་སོ། ༤༦ མི་དེས་གཉན་ནད་དེ་ཡོད་རིང་དུ་མི་གཙང་བ་ཡིན་པར་དགོས། མི་གཙང་བ་ཡིན་པས་གཅིག་པུར་གནས་ཤིང་ཚོགས་རའི་ཕྱི་རོལ་ན་དེའི་གནས་ཚང་ཡོད་པར་དགོས་སོ༎
༤༧ ཡང་གོས་ཤིག་ལ་མཛེ་ནད་ཀྱི་རྟགས་ཡོད་པ་ལ་རྟེན་ནས། སྣམ་བུའམ་རས་གོས་སམ། ༤༨ བལ་ལམ་རས་ཀྱི་རྒྱུའམ་སྤུན་ནམ། པགས་པའམ་ཀོ་བ་ནས་བྱས་པའི་ལས་གང་ཡང་རུང་བ་ལ་ཡོད་པས། ༤༩ གོས་སམ་པགས་པའམ་རྒྱུའམ་སྤུན་ནམ་ཀོ་བ་ནས་བྱས་པའི་རྫས་གང་ཡིན་པ་ལ་རྟགས་ལྗང་སྐྱའམ་དམར་སྐྱ་ཞིག་ཡོད་ན། མཛེ་ནད་ཀྱི་རྟགས་ཡིན་པས་བླ་མ་ལ་ལྟ་འཇུག་པར་དགོས། ༥༠ ཡང་བླ་མས་རྟགས་དེ་ལ་བལྟས་ནས་རྟགས་ཡོད་པའི་རྫས་དེ་བླ་མས་ཞག་བདུན་གྱི་བར་དུ་དགར་བར་དགོས། ༥༡ ཡང་ཞག་བདུན་པ་ལ་རྟགས་ལ་ལྟ་ཞིང་གོས་སམ་རྒྱུའམ་སྤུན་ནམ་པགས་པ་ཅི་དང་ཅི་ཀོ་བ་ནས་བྱས་པའི་རྫས་ལ་རྟགས་འཕེལ་བར་མཐོང་ན་རྟགས་དེ་ནི་མཛེ་ནད་འཐོར་བ་ཞིག་ཡིན་པས་མི་གཙང་བ་འདུག་གོ། ༥༢ ཡང་མཛེ་ནད་འཐོར་བ་དེ་བལ་ལམ་རས་ནས་བྱས་པའི་གོས་སམ་རྒྱུའམ་སྤུན་ནམ་ཀོ་བ་ནས་བྱས་པའི་རྫས་རྟགས་དང་ལྡན་པ་དེ་མེ་ལ་སྲེག་པར་དགོས་སོ༎
༥༣ ཡང་བླ་མས་དེ་ལ་ལྟ་ཞིང་གོས་སམ་རྒྱུའམ་སྤུན་ནམ་ཀོ་བ་ནས་བྱས་པའི་རྫས་ལ་ཡོད་པའི་རྟགས་མ་འཕེལ་བར་མཐོང་ན། ༥༤ བླ་མས་རྟགས་ཡོད་པའི་རྫས་འཁྲུད་དུ་བཅུག་ནས་སླར་ཡང་ཞག་བདུན་གྱི་བར་དུ་དགར་དགོས་སོ། ༥༥ ཡང་ཁྲུས་པའི་རྗེས་ལ་བླ་མས་རྟགས་ལ་ལྟ་ཞིང་རྟགས་ཀྱི་གཟུགས་མ་བསྒྱུར་ཏེ་མ་འཕེལ་བར་མཐོང་ན་མི་གཙང་བ་ཡིན་པས་མེས་སྲེག་པར་དགོས། དེ་ཅིའི་ཕྱིར་ཞེ་ན། རྒྱབ་ལོགས་སམ་མདུན་ལོགས་ལ་སྤུ་ཟིན་ཏེ་རྟགས་དམའ་ཞིང་འཐོར་བ་ཡོད་པའི་ཕྱིར་རོ། ༥༦ ཅི་སྟེ་བླ་མས་དེ་ལ་ལྟ་ཞིང་རྟགས་ཁྲུས་ནས་སྐྱ་བོར་གྱུར་པར་མཐོང་ན། རྟགས་གོས་སམ་ཀོ་བའམ་རྒྱུའམ་སྤུན་ལས་འདྲལ་བར་དགོས། ༥༧ ཇི་སྟེ་གོས་སམ་རྒྱུའམ་སྤུན་ནམ་ཀོ་བ་ནས་བྱས་པའི་རྫས་གང་ཡང་རུང་བ་ལ་ཕྱི་རུ་མཐོང་ན། མཛེ་ནད་འཐོར་བ་ཞིག་ཡིན་པས་རྟགས་ཡོད་པ་དེ་མེས་སྲེག་པར་དགོས་སོ། ༥༨ འོན་ཀྱང་ཁྱོད་ཀྱིས་ཁྲུས་པའི་གོས་སམ་རྒྱུའམ་སྤུན་ནམ་ཀོ་བ་ནས་བྱས་པའི་རྫས་གང་ཡིན་པ་ནས་རྟགས་མེད་ན། སླར་ཡང་འཁྲུད་པར་དགོས་ཏེ་གཙང་བར་འགྱུར་རོ༎
༥༩ བལ་ལམ་རས་ཀྱི་གོས་སམ་རྒྱུའམ་སྤུན་ནམ་ཀོ་བ་ནས་བྱས་པའི་རྫས་གང་ཡང་རུང་བ་ལ་འགོ་བའི་མཛེ་ནད་བཤད་པ་དང་། གཙང་བ་ཡིན་པ་དང་གཙང་བ་མ་ཡིན་པའི་ཚུལ་ཁྲིམས་རྣམས་དེ་ཡིན་ནོ་ཞེས་བཀའ་གནང་ངོ་༎