༡༤
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ།  མི་མཛེ་ཅན་ཞིག་གིས་གཙང་སྦྲ་བྱེད་སྐབས་སུ་དེ་ལ་རྟེན་པའི་ཚུལ་ཁྲིམས་འདི་ཡིན། བླ་མའི་དྲུང་དུ་ཁྲིད་པར་དགོས།  ཡང་བླ་མ་ཚོགས་རའི་ཕྱི་རོལ་དུ་སོང་ནས་གལ་ཏེ་བླ་མས་དེ་ལ་ལྟ་ཞིང་མཛེ་ཅན་གྱི་མཛེ་ནད་གསོ་བར་གྱུར་པ་མཐོང་ན།  བླ་མས་གཙང་སྦྲ་བྱེད་རྒྱུ་ཡིན་པའི་མིའི་ཕྱིར་བྱ་གསོན་པོ་གཙང་བ་གཉིས་དང་ཤུག་ཤིང་དང་མཚལ་ཁ་དང་ཨི་སོབ་བྱ་བ་འཁྱེར་འོང་དུ་འཇུག་པར་དགོས་སོ།  ཡང་བླ་མས་བྱ་གཅིག་ཆུ་མིག་གི་ཆུས་གང་བའི་རྫའི་སྣོད་ཀྱི་སྟེང་དུ་གསོད་འཇུག་པར་དགོས།  བྱ་གསོན་པོ་དང་ཤུག་ཤིང་དང་མཚལ་ཁ་དང་ཨི་སོབ་བླངས་ནས། བྱ་གསོན་པོ་དང་བཅས་པ་ཆུ་མིག་གི་ཆུའི་སྟེང་དུ་བསད་པའི་བྱའི་ཁྲག་གི་ནང་དུ་འཇུག་པར་དགོས་ཏེ།  མཛེ་ནད་ཀྱི་ཕྱིར་གཙང་སྦྲ་བྱེད་པའི་མི་ལ་ལན་བདུན་གཡོགས་ཤིང་མི་དེ་གཙང་བར་བྱེད་དེ་བྱ་གསོན་པོ་ཐང་ལ་གཏོང་བར་དགོས་སོ།  ཡང་གཙང་སྦྲ་བྱེད་པས་རང་གི་གོས་རྣམས་འཁྲུད་པ་དང་སྐྲ་འབྲེག་པ་དང་རང་གི་ལུས་ཆུས་ཁྲུས་ནས་གཙང་བར་འགྱུར། དེའི་འོག་ཏུ་ཚོགས་རར་འོང་ཆོག་ཀྱང་། རང་གི་གུར་གྱི་ཕྱི་རོལ་ན་ཞག་བདུན་གྱི་བར་གནས་པར་དགོས་སོ།  ཡང་ཞག་བདུན་པ་ལ་མི་དེས་རང་གི་སྐྲ་ཐམས་ཅད་ཞེ་ན་མགོའི་སྐྲ་དང་སྨ་ར་དང་སྨིན་མའི་སྤུ་ཐམས་ཅད་འབྲེག་དགོས། ཡང་གོས་རྣམས་འཁྲུད་དགོས། ཡང་ལུས་ཀྱི་ཤ་ཆུས་འཁྲུད་པར་དགོས། དེའི་རྗེས་སུ་གཙང་མ་འདུག་གོ།
༡༠ ཡང་ཞག་བརྒྱད་པ་ལ་མི་དེས་ལུག་གུ་སྐྱོན་མེད་པ་གཉིད་དང་མོ་ལུག་ལོ་གཅིག་པ་སྐྱོན་མེད་པ་གཅིག་དང་རྒྱ་ཞིབ་ཨེ་ཕ་བཅུ་ཆ་གསུམ་མར་ཁུ་དང་བསྲེས་པ་དང་མར་ཁུ་ལཱོག་བྱ་བ་གཅིག་འཁྱེར་འོང་བར་དགོས་སོ། ༡༡ ཡང་གཙང་སྦྲའི་ཆོ་ག་བྱེད་པའི་བླ་མས་གཙང་སྦྲ་བྱེད་རྒྱུ་ཡིན་པའི་མི་དེ་དང་རྫས་དེ་དག་ཡ་ཧོ་ཝཱའི་ཞལ་ངོར་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་འཇོག་པར་དགོས། ༡༢ དེ་ནས་བླ་མས་ལུག་གུ་གཅིག་བླངས་ནས་ནོངས་པའི་ཕྱིར་མཆོད་པར་འབུལ་ཞིང་། དེ་དང་འདྲ་བར་ཡང་མར་ཁུའི་ལཱོག་དེ་ཡ་ཧོ་ཝཱའི་དྲུང་དུ་ཕར་ཚུར་གཡོ་བའི་འབུལ་བ་རུ་གཡོ་བར་དགོས། ༡༣ དེ་ནས་སྡིག་པའི་ཕྱིར་འབུལ་བའི་མཆོད་པ་དང་སྦྱིན་སྲེག་རྣམས་གསོད་ས་གནས་དམ་པ་དེ་རུ་ལུག་གུ་གསོད་པར་དགོས། གང་ལ་ཞེ་ན། ཇི་ལྟར་སྡིག་པའི་ཕྱིར་འབུལ་བ་དེ་ཡིན་དེ་ལྟར་ནོངས་པའི་ཕྱིར་འབུལ་བའི་མཆོད་པ་དེ་ཡང་བླ་མའི་ཡིན། ཀུན་ལས་དམ་པ་ཞིག་ཡིན་པའི་ཕྱིར་རོ། ༡༤ ཡང་ནོངས་པའི་ཕྱིར་ཕུལ་བའི་མཆོད་པ་དེའི་ཁྲག་ལས་བླ་མས་བླངས་ནས། བླ་མས་གཙང་སྦྲ་བྱེད་རྒྱུ་ཡིན་པའི་མིའི་རྣ་ཤལ་གཡས་པ་དང་ལག་པ་གཡས་པའི་མཐེབ་ཆེན་དང་རྐང་པ་གཡས་པའི་མཐེབ་ཆེན་ལ་འབྱུག་པར་བྱ། ༡༥ ཡང་མར་ཁུ་ལཱོག་གཅིག་དེ་ལས་བླ་མས་བླངས་ནས་རང་གི་ལག་གཡོན་པའི་ལག་མཐིལ་དུ་བླུག་པ་དང་། ༡༦ བླ་མས་མཛུབ་མོ་གཡས་པ་ལག་པ་གཡོན་ན་ཡོད་པའི་མར་ཁུའི་ནང་དུ་བཅུག་ནས། མར་ཁུ་དེ་ལས་མཛུབ་མོས་ཡ་ཧོ་ཝཱའི་ཞལ་ངོའི་མདུན་ལ་ལན་བདུན་གཏོར་བར་དགོས། ༡༧ ཡང་ལག་པ་ན་ཡོད་པའི་མར་ཁུའི་ལྷག་མ་ལུས་པ་བླ་མས་གཙང་སྦྲ་བྱེད་རྒྱུ་ཡིན་པའི་རྣ་ཤལ་གཡས་པ་དང་ལག་པ་གཡས་པའི་མཐེབ་ཆེན་དང་རྐང་པ་གཡས་པའི་མཐེབ་ཆེན་ནོངས་པའི་ཕྱིར་ཕུལ་བའི་མཆོད་པ་དེའི་ཁྲག་གི་སྟེང་དུ་འབྱུག་པར་དགོས། ༡༨ ཡང་བླ་མའི་ལག་ཏུ་ལྷག་མ་ལུས་པའི་མར་ཁུ་གཙང་སྦྲ་བྱེད་རྒྱུ་ཡིན་པའི་མིའི་མགོ་རུ་འཇུག་ཅིང་བླ་མས་ཡ་ཧོ་ཝཱའི་ཞལ་ངོར་དེའི་ཕྱིར་སྡིག་བཤགས་བྱེད་པར་དགོས། ༡༩ ཡང་བླ་མས་སྡིག་པའི་ཕྱིར་འབུལ་བའི་མཆོད་པ་དེ་ཕུལ་ཞིང་གཙང་སྦྲ་བྱེད་རྒྱུ་ཡིན་པ་དེ་རང་གི་མི་གཙང་བའི་ཕྱིར་སྡིག་བཤགས་བྱེད་པ་དང་། དེའི་རྗེས་ལ་སྦྱིན་སྲེག་གི་ཕྱིར་ལུག་གུ་གསོད་པར་དགོས་སོ། ༢༠ ཡང་བླ་མས་སྦྱིན་སྲེག་དང་ཞལ་ཟས་མཆོད་ཁྲིའི་ཁར་འཁྱེར་འོང་བ་དང་། བླ་མས་མི་དེའི་ཕྱིར་སྡིག་བཤགས་བྱེད་པར་དགོས་ཏེ། དེ་ནི་གཙང་བར་འགྱུར་རོ༎
༢༡ འོན་ཀྱང་མི་དེ་འབུལ་ཞིང་ནོར་དེ་ཙམ་དུ་མི་འབྱོར་ན། རང་གི་སྡིག་བཤགས་བྱེད་དུ་ནོངས་པའི་དོན་དུ་འབུལ་བའི་མཆོད་པ་དེའི་ཆེད་དུ་ལུག་གུ་ཞིག་ཕར་ཚུར་གཡོ་ཡིན་འབུལ་བ་དང་། རྒྱ་ཞིབ་ཨེ་ཕ་བཅུ་ཆ་གཅིག་མར་ཁུ་དང་བསྲེས་པ་དང་མར་ཁུ་ལཱོག་གཅིག་ཞལ་ཟས་སུ་འབུལ་བར་དགོས། ༢༢ དེ་ནས་དེའི་ལྕོགས་ཚོད་བཞིན་ཐི་བ་གཉིས་སམ་ཕུག་རོན་ཆུང་བ་གཉིས་ནས་གཅིག་སྡིག་པའི་ཕྱིར་མཆོད་པ་དང་། གཉིས་པ་དེ་སྦྱིན་སྲེག་ཏུ་འབུལ་བར་དགོས་སོ། ༢༣ ཡང་གཙང་སྦྲ་བྱས་པ་ནས་བཟུང་སྟེ་ཞག་བརྒྱད་རྗེས་ལ་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་ཡ་ཧོ་ཝཱའི་ཞལ་ངོར་བླ་མའི་དྲུང་དུ་ཕུལ་ནས། ༢༤ བླ་མས་ནོངས་པའི་ཕྱིར་ཕུལ་བའི་ལུག་གུ་དེ་དང་མར་ཁུ་ལཱོག་ཅིག་དེ་བླངས་ནས་ཡ་ཧོ་ཝཱའི་དྲུང་དུ་ཕར་ཚུར་གཡོ་བར་བྱ། ༢༥ ཡང་ནོངས་པའི་ཕྱིར་ཕུལ་བའི་ལུག་གུ་བསད་ནས། ནོངས་པའི་ཕྱིར་ཕུལ་བའི་མཆོད་པ་དེའི་ཁྲག་ནས་ལེན་ཞིང་གཙང་སྦྲ་བྱེད་པའི་མིའི་རྣ་ཤལ་གཡས་པ་དང་ལག་པ་གཡས་པའི་མཐེབ་ཆེན་དང་རྐང་པ་གཡས་པའི་མཐེབ་ཆེན་ལ་འབྱུག་པར་བྱ། ༢༦ ཡང་མར་ཁུ་ནས་བླ་མས་རང་གི་ལག་པ་གཡོན་པའི་ལག་མཐིལ་དུ་བླུགས་ནས། ༢༧ ལག་པ་གཡོན་པ་ན་ཡོད་པའི་མར་ཁུ་དེ་ལས་མཛུབ་མོ་གཡས་པས་ཡ་ཧོ་ཝཱའི་ཞལ་ངོར་ལན་བདུན་གཏོར་བར་དགོས། ༢༨ ཡང་བླ་མས་རང་གི་ལག་པ་ལ་ཡོད་པའི་མར་ཁུ་ལས་གཙང་སྦྲ་བྱེད་རྒྱུ་ཡིན་པའི་རྣ་ཤལ་གཡས་པ་དང་ལག་པ་གཡས་པའི་མཐེབ་ཆེན་དང་། རྐང་པ་གཡས་པའི་མཐེབ་ཆེན་ནོངས་པའི་ཕྱིར་ཕུལ་བའི་མཆོད་པའི་ཁྲག་གི་སྟེང་དུ་འབྱུག་པར་དགོས། ༢༩ ཡང་བླ་མའི་ལག་ཏུ་ལྷག་མ་ལུས་པའི་མར་ཁུ་གཙང་སྦྲ་བྱེད་རྒྱུ་ཡིན་པའི་མིའི་མགོ་རུ་འཇུག་ཅིང་ཡ་ཧོ་ཝཱའི་ཞལ་ངོར་དེའི་ཕྱིར་སྡིག་བཤགས་བྱེད་པར་དགོས་སོ། ༣༠ ཡང་དེས་འབུལ་ཐུབ་ཚོད་བཞིན་ཐི་བ་གཉིས་སམ་ཕུག་རོན་ཆུང་བ་གཉིས་ལས་གཅིག་མཆོད་པར་འབུལ་བ་འདི་ལྟ་སྟེ། ༣༡ དེ་ལ་ཅི་བྱོར་བ་ལས་གཅིག་ནི་སྡིག་པའི་ཕྱིར་འབུལ་བའི་མཆོད་པ་དང་གཉིས་པ་དེ་སྦྱིན་སྲེག་དང་བཅས་སུ་ཞལ་ཟས་ཀྱི་མཆོད་པ་ཡིན་གྱིས་བླ་མས་གཙང་སྦྲ་བྱེད་རྒྱུ་ཡིན་པའི་མི་ཡ་ཧོ་ཝཱའི་ཞལ་ངོར་སྡིག་བཤགས་བྱེད་པར་དགོས་སོ་ཞེས་བཀའ་གནང་ངོ་། ༣༢ དེ་ནི་མཛེ་གཉན་གྱིས་བཏབ་པའི་མི་ནོར་མེད་པའི་ཕྱིར་དུ་གཙང་སྦྲ་བྱེད་པ་ལ་རྟེན་པའི་ཚུལ་ཁྲིམས་ཡིན་ནོ༎
༣༣ ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་འདི་གསུངས་པ། ༣༤ ཁྱེད་ནི་ངས་ཁྱེད་ལ་བདག་ཏུ་འཛིན་པའི་ཀ་ན་ཨན་ཡུལ་དུ་ཞུགས་ནས། གལ་ཏེ་ངས་ཁྱེད་ལ་ནོར་སྐལ་དུ་གཏོང་བའི་ཡུལ་ན་ཁང་པ་ཞིག་ལ་མཛེ་ནད་ཡོད་ན། ༣༥ ཁང་པའི་བདག་པོ་ཚུར་འོང་བར་བྱ་སྟེ་བླ་མ་ལ་འདི་སྐད་དུ། ངའི་ཁང་པ་མཛེ་ནད་ཀྱི་རྟགས་ལྟ་བུ་ཞིག་ཐོན་སོང་ཅེས་ཟེར་བར་དགོས། ༣༦ ཡང་བླ་མ་དེའི་ནང་དུ་མ་ཞུགས་པའི་སྔོན་ལ་ཁང་པ་སྟོང་པ་བྱོས་ཤིག་ཟེར་བར་བྱ། དེ་ནས་བླ་མ་རྟགས་ལ་ལྟ་རུ་ནང་དུ་འཇུག་དགོས། དེ་ལྟར་མ་བྱས་ན། ཁང་པ་ལ་ཡོད་པའི་རྫས་གང་ཡང་མི་གཙང་བར་འགྱུར་ཡོང་། དེའི་རྗེས་སུ་བླ་མས་ཁང་པ་ལ་ལྟ་རུ་ནང་དུ་འཇུག་པར་དགོས་སོ། ༣༧ ཡང་རྟགས་དེ་ལ་ལྟ་ཞིང་རྩིག་པ་ལ་རྟགས་ལྗང་སྐྱའམ་དམར་པོ་ཡོད་དེ་རྩིག་པ་བས་དམའ་བ་འདུག་པ་མཐོང་ན། ༣༨ བླ་མས་ཁང་པའི་ཕྱི་རོལ་ཏུ་ཐོན་ནས་ཁང་པའི་སྒོ་ཞག་བདུན་གྱི་བར་དུ་རྒྱབ་དགོས། ༣༩ ཡང་ཞག་བརྒྱད་པ་ལ་ཡང་འོངས་ནས་ཁང་པའི་རྩིག་པ་ལ་རྟགས་འཕེལ་བར་མཐོང་ན། ༤༠ བླ་མས་རྟགས་ཡོད་པའི་རྡོ་རྣམས་རྩིག་པ་ལས་འདོན་པ་དང་གྲོང་ཁྱེར་གྱི་ཕྱི་རོལ་དུ་གནས་མི་གཙང་བ་ཞིག་ཏུ་འཁྱེར་བར་དགོས་བཀའ་གནང་དགོས། ༤༡ ཡང་ཁང་པའི་ནང་གི་འཇིམ་པ་ཐམས་ཅད་དྲད་ནས་དྲད་པའི་འཇིམ་པ་གྲོང་ཁྱེར་གྱི་ཕྱི་རོལ་དུ་གནས་མི་གཙང་བ་ཞིག་ཏུ་སྐྱུར་བར་དགོས། ༤༢ དེ་ནས་རྡོ་གཞན་མ་རྣམས་བླངས་ནས་སྔར་གྱི་རྡོ་རྣམས་ཀྱི་ཚབ་ཏུ་འཇུག་པ་དང་། འཇིམ་པ་གཞན་མ་བླངས་ནས་རྩིག་པ་ལ་རྒྱབ་པར་དགོས།
༤༣ ཡང་རྡོ་རྣམས་བཏོན་པ་དང་རྩིག་པ་དྲད་པའི་རྗེས་སུ་ཕྱིར་གསར་དུ་བརྒྱབས་ནས། གལ་ཏེ་རྟགས་ཕྱིར་འབྱུང་ཞིང་ཁང་པ་ན་མཐོང་བར་གྱུར་པས། ༤༤ བླ་མས་དེ་ལ་ལྟ་རུ་འོང་ཞིང་ཁང་པ་ལ་རྟགས་འཕེལ་བར་མཐོང་ན། ཁང་པ་ན་མཛེ་ནད་ངན་པ་ཞིག་ཡིན་པས་མི་གཙང་བ་འདུག་གོ། ༤༥ ཁང་པ་དེ་བཤིག་ནས་དེའི་རྡོ་དང་ཤིང་དང་ཁང་པའི་འཇིམ་པ་ཐམས་ཅད་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་གནས་མི་གཙང་བ་ཞིག་ཏུ་འཁྱེར་བར་དགོས་སོ། ༤༦ ཡང་ཁང་པའི་སྒོ་རྒྱབ་ཏུ་དེའི་ནང་དུ་འཇུག་པའི་མི་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས། ༤༧ ཡང་སུ་ཡང་ཁང་པ་དེའི་ནང་ན་ཉལ་བ་དེས་གོས་རྣམས་འཁྲུད་པ་དང་། ཁང་པ་དེ་ན་ཁ་ཟས་ཟ་བ་དེས་གོས་རྣམས་འཁྲུད་པར་དགོས།
༤༨ ཇི་སྟེ་བླ་མ་འོངས་ནས་ཁང་པ་ལ་འཇིམ་པ་བརྒྱབ་པའི་འོག་རྟགས་ཁང་པ་ལ་མ་འཕེལ་བར་མཐོང་ན་རྟགས་མེད་པར་སོང་བས། བླ་མས་ཁང་པ་དེ་གཙང་བ་ཡིན་ཞེས་སྒྲོག་པར་དགོས། ༤༩ ཡང་ཁང་པ་ལ་གཙང་སྦྲ་བྱེད་པའི་ཕྱིར་བྱ་གཉིས་དང་ཤུག་ཤིང་དང་མཚལ་ཁ་དང་ཨི་སོབ་བྱ་བ་འཁྱེར་འོངས་ནས། ༥༠ བྱ་གཅིག་ཆུ་མིག་གི་ཆུས་གང་བའི་རྫའི་སྣོད་ཀྱི་སྟེང་དུ་གསོད་པ་དང་། ༥༡ ཤུག་ཤིང་དང་ཨི་སོབ་དང་མཚལ་ཁ་དང་བྱ་གསོན་པོ་བླངས་ནས་ཆུ་མིག་གི་ཆུའི་སྟེང་དུ་བསད་པའི་བྱའི་ཁྲག་གི་ནང་དུ་འཇུག་པ་དང་། ཁང་པ་དེ་ལ་ལན་བདུན་གཏོར་བར་དགོས། ༥༢ དེ་ལྟར་བྱའི་ཁྲག་དང་ཆུ་དང་བྱ་གསོན་པོ་དང་ཤུག་ཤིང་དང་ཨི་སོབ་དང་མཚལ་ཁའི་རྐྱེན་གྱིས་ཁང་པ་དེ་ལ་གཙང་སྦྲ་བྱེད་པར་དགོས། ༥༣ དེའི་རྗེས་སུ་བྱ་གསོན་པོ་གྲོང་ཁྱེར་གྱི་ཕྱི་རོལ་ན་ཐང་ལ་གཏོང་བ་དང་ཁང་པ་གཙང་བར་འགྱུར་བའི་ཕྱིར་དུ་དེ་ལྟར་གཙང་སྦྲ་བྱེད་པར་དགོས་སོ་ཞེས་བཀའ་གནང་ངོ་༎
༥༤ དེ་ནི་མཛེ་ནད་ཀྱི་རིགས་སྣ་ཚོགས་དང་རྔོ་དང་། ༥༥ གོས་རྣམས་དང་ཁང་པ་རྣམས་ལ་འབྱུང་བའི་མཛེ་ནད་དང་། ༥༦ ཐོར་བ་རྣམས་དང་ཤུན་པགས་དང་ཐིག་ལེ་ལ་རྟེན་པའི་ཚུལ་ཁྲིམས་ཡིན་ཏེ། ༥༧ མི་གཙང་བ་ཡིན་པ་དང་གཙང་བ་ཡིན་པའི་བྱེ་བྲག་རྟོགས་པའི་ཕྱིར་མཛེ་ནད་ཀྱི་ཚུལ་ཁྲིམས་དེ་ཡིན་ནོ༎