༡༥
ཡང་ཡ་ཧོ་ཝཱས་མོ་ཤེ་དང་ཨ་རོན་ལ་འདི་སྐད་དུ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག གལ་ཏེ་སྐྱེས་པ་ཞིག་གི་ཤ་ནས་གྲང་ནད་ཀྱི་རྣག་འཛག་ན། རྣག་དེ་ནི་མི་གཙང་བ་ཡིན།  ཡང་སྐྱེས་པ་དེའི་རྣག་རྟོལ་ན་མི་གཙང་བ་འདི་ལྟ་སྟེ། གལ་ཏེ་དེའི་ཤ་ལས་རྣག་འཛག་པའམ་རྣག་གི་རྐྱེན་གྱིས་ཤ་ནི་བཀག་པ་ཡིན་ན། དེ་ནི་ཁོའི་མི་གཙང་བ་ཡིན་ནོ།  མལ་ས་གང་ལ་ཡང་གྲང་བ་ན་བའི་མི་དེ་ཉལ་ན་མི་གཙང་བ་ཡིན་པ་དང་། རྫས་གང་གི་སྟེང་དུ་མི་དེ་སྡོད་ན་མི་གཙང་བ་ཡིན་པར་བྱའོ།  ཡང་མི་དེའི་མལ་ས་ལ་རེག་པའི་མིས་རང་གི་གོས་རྣམས་འཁྲུད་ཅིང་ལུས་ཆུས་ཁྲུས་ནས་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས་སོ།  ཡང་རྫས་གང་གི་སྟེང་དུ་གྲང་བ་ན་བའི་མི་དེ་སྔར་བསྡད་པ་ཡིན་པའི་རྗེས་ལ་རྫས་དེ་རང་ལ་མི་སུ་བསྡད་པ་དེས་རང་གི་གོས་རྣམས་འཁྲུད་པ་དང་ལུས་ཆུས་ཁྲུས་ནས། དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས་སོ།  ཡང་གྲང་བ་ན་བའི་ལུས་ལ་རེག་པ་དེས་རང་གི་གོས་རྣམས་འཁྲུད་པ་དང་ལུས་ཆུས་ཁྲུས་ནས་དགོངས་མོའི་བར་དུ་མི་གཙང་བར་ཡིན་པར་དགོས་སོ།  ཡང་གལ་ཏེ་གྲང་བ་ན་བའི་མིས་རང་གི་མཆིལ་མ་མི་གཙང་བ་མེད་པའི་མི་ལ་འདོར་ན། མི་དེས་རང་གི་གོས་རྣམས་འཁྲུད་པ་དང་ལུས་ཆུས་ཁྲུས་ནས་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས་སོ།  ཡང་སྒ་གང་གི་སྟེང་ལ་གྲང་བ་ན་བའི་མི་སྡོད་པ་མི་གཙང་བ་ཡིན་པར་དགོས་སོ། ༡༠ ཡང་མི་དེའི་འོག་ན་ཡོད་པའི་རྫས་གང་ཡང་རུང་བ་ལ་རེག་པའི་མི་དེ་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས་པ་དང་། རྫས་དེ་གྱོན་པའི་མིས་རང་གི་གོས་རྣམས་ཁྲུད་པ་དང་ལུས་ཆུས་ཁྲུས་ནས་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས་སོ། ༡༡ ཡང་གྲང་བ་ན་བའི་མི་སྔར་རང་གི་ལག་པ་ཆུས་མ་ཁྲུས་པའི་འོག་ཏུ་མི་ཞིག་ལ་རེག་ན། མི་དེས་རང་གི་གོས་རྣམས་འཁྲུད་པ་དང་ལུས་ཆུས་ཁྲུས་ནས་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས། ༡༢ ཡང་རྫའི་སྣོད་གང་ལ་གྲང་བ་ན་བའི་མིས་རེག་པ་དེ་གཅོག་དགོས། ཡང་ཤིང་གི་སྣོད་གང་ཡང་ཆུས་བཤལ་བར་དགོས།
༡༣ ཡང་གལ་ཏེ་གྲང་བ་ན་བའི་མི་གྲང་བ་ནས་གཙང་བར་འགྱུར་ན། གཙང་བར་གྱུར་པ་ནས་བཟུང་སྟེ་ཞག་བདུན་བརྩིས་ཏེ་གོས་རྣམས་འཁྲུད་པ་དང་ཆུ་མིག་གི་ཆུས་རང་གི་ལུས་ཁྲུས་ནས་གཙང་བར་གྱུར་ཏོ། ༡༤ ཡང་ཞག་བརྒྱད་པ་ལ་ཐི་བ་གཉིས་སམ། ཕུག་རོན་ཆུང་བ་གཉིས་བླངས་ནས་ཡ་ཧོ་ཝཱའི་ཞལ་ངོར་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་ཡོངས་ནས་བླ་མ་ལ་འབུལ་བར་དགོས་སོ། ༡༥ ཡང་བླ་མས་དེ་དག་ལས་གཅིག་སྡིག་པའི་ཕྱིར་མཆོད་པ་དང་། གཞན་མ་དེ་སྦྱིན་སྲེག་ཏུ་འབུལ་ཞིང་ཡ་ཧོ་ཝཱའི་ཞལ་ངོར་གྲང་བའི་ནད་ཀྱི་དོན་དུ་སྡིག་བཤགས་བྱེད་པར་དགོས་སོ༎
༡༦ ཡང་སྐྱེས་པ་ཞིག་ས་བོན་འཛག་ན་ལུས་ཚང་མ་ཆུས་འཁྲུད་དགོས། དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས། ༡༧ ཡང་གོས་དང་པགས་པ་གང་ལ་ཡང་ས་བོན་འཕོག་ན་ཆུས་འཁྲུད་པ་དང་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས་སོ། ༡༨ ཡང་གལ་ཏེ་ཁྱོས་རང་གི་ཆུང་མ་དང་འགྲོགས་ཤིང་ས་བོན་འཛག་ན། དེ་དག་རང་གི་ལུས་ཆུས་འཁྲུད་པ་དང་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས་སོ༎
༡༩ ཡང་གལ་ཏེ་བུད་མེད་ཟླ་མཚན་དང་ལྡན་པ་དེའི་ལུས་ནས་ཁྲག་འབྱུང་ན། ཞག་བདུན་གྱི་བར་དུ་མི་གཙང་བ་ཡིན་ཏེ་དེ་ལ་རེག་པའི་མི་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས། ༢༠ ཡང་བུད་མེད་མི་གཙང་བ་ཡོད་པའི་བར་དུ་རྫས་གང་གི་སྟེང་དུ་ཉལ་བ་དེ་མི་གཙང་། གང་གི་སྟེང་དུ་སྡོད་པ་ཡང་མི་གཙང་བ་ཡིན་པར་དགོས། ༢༡ ཡང་སུས་ཀྱང་དེའི་མལ་ས་ལ་རེག་པ་རང་གི་གོས་རྣམས་འཁྲུད་པ་དང་ལུས་ཆུས་ཁྲུས་ནས་དགོངས་མོའི་བར་དུ་མི་གཙང་བ་ཡོད་པར་དགོས། ༢༢ ཡང་རྫས་གང་གི་སྟེང་དུ་ཁོ་བསྡད་པ་དེ་ལ་མི་ཞིག་གིས་རེག་ན་རང་གི་གོས་རྣམས་འཁྲུད་པ་དང་། ལུས་ཆུས་ཁྲུས་ནས་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས། ༢༣ ཡང་བུད་མེད་གང་ལ་སྡོད་པའི་མལ་སའམ་སྟན་གྱི་སྟེང་དུ་རྫས་ཤིག་ཡོད་དེ། རྫས་དེ་ལ་མི་ཞིག་གིས་རེག་ན་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་དགོས། ༢༤ ཡང་སྐྱེས་པ་ཞིག་དེ་དང་འགྲོགས་ཤིང་མོའི་གྲིབ་དེ་ལ་ཡོད་ན། དེ་ཡང་ཞག་བདུན་གྱི་བར་དུ་མི་གཙང་བ་སོང་སྟེ་དེ་ནི་གང་དུ་ཉལ་བའི་མལ་ས་ཡང་མི་གཙང་བ་ཡིན་པར་དགོས་སོ༎
༢༥ ཡང་བུད་མེད་ཅིག་ཟླ་མཚན་དང་མི་ལྡན་ཏེ་ཞག་མང་པོ་ཁྲག་གི་ནད་ཀྱིས་བཏབ་པའམ། ཟླ་མཚན་གྱི་དུས་ལས་ལྷག་པར་ཁྲག་འཛག་ན། ཟླ་མཚན་གྱི་དུས་དང་འདྲ་བར་མི་གཙང་བའི་ཁྲག་མ་འཛག་པའི་བར་དུ་དུས་ཚང་མ་མི་གཙང་བ་ཡིན་པར་དགོས། ༢༦ ཁྲག་འཛག་པའི་བར་དུ་མོ་གང་དུ་ཉལ་བའི་མལ་ས་དང་ཟླ་མཚན་གྱི་སྐབས་ཀྱི་མལ་ས་གཅིག་པ་རྩི་བར་དགོས་ཏེ། ཟླ་མཚན་གྱི་དུས་དང་འདྲ་བར་མོ་གང་གི་སྟེང་དུ་སྡོད་པའི་རྫས་མི་གཙང་བ་ཡིན་པར་དགོས། ༢༧ ཡང་དེ་ལ་རེག་པའི་མི་མི་གཙང་བ་ཡིན་ཏེ་གོས་རྣམས་འཁྲུད་དགོས་ཏེ། རང་གི་ལུས་ཆུས་ཁྲུས་ནས་དགོངས་མོའི་བར་དུ་མི་གཙང་བ་ཡིན་པར་བྱའོ། ༢༨ ཡང་གལ་ཏེ་བུད་མེད་རང་གི་ཁྲག་ལས་གཙང་སོང་བའི་རྗེས་སུ་ཞག་བདུན་རྩི་བར་དགོས། དེ་ནས་གཙང་བར་འགྱུར་ཡོང་། ༢༩ ཡང་ཞག་བརྒྱད་པ་ལ་ཐི་བ་གཉིས་སམ་ཕུག་རོན་ཆུང་བ་གཉིས་བླངས་ནས་བླ་མ་ལ་འདུན་མའི་གུར་མཆོག་གི་སྒོའི་འགྲམ་ལ་འཁྱེར་འོང་བར་དགོས། ༣༠ ཡང་བླ་མས་དེ་གཉིས་ལས་གཅིག་སྡིག་པའི་ཕྱིར་མཆོད་པ་དང་། གཞན་མ་དེ་སྦྱིན་སྲེག་ཏུ་འབུལ་ཞིང་བླ་མས་དེའི་ཁྲག་གི་མི་གཙང་བའི་ཕྱིར་ཡ་ཧོ་ཝཱའི་ཞལ་ངོར་སྡིག་བཤགས་བྱེད་པར་དགོས་སོ༎
༣༡ དེ་ལྟར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ངའི་གནས་ཁང་དེ་དག་གི་དབུས་སུ་ཡོད་པ་དེ་མི་གཙང་བ་མི་བྱེད་པ་དང་། མི་གཙང་བའི་རྐྱེན་གྱིས་འཆི་བའི་ཉེན་ཡོད་པས། དེ་དག་རང་གི་མི་གཙང་བ་སྣ་ཚགས་ལས་སྲུང་བར་བྱོས་ཤིག་ཅེས་བཀའ་གནང་ངོ་༎
༣༢ དེ་ནི་གྲང་བའི་ནད་བཏབ་པ་དང་། མ་འགྲོགས་པར་ས་བོན་འཛག་པས་མི་གཙང་བར་གྱུར་པ་དང་། ༣༣ ཟླ་མཚན་དང་ལྡན་པས་མི་གཙང་བ་དང་། ས་བོན་ནམ་ཁྲག་འཛག་པའི་སྐྱེས་པའམ་བུད་མེད་དང་། བུད་མེད་མི་གཙང་བ་ཡིན་པ་དང་། དེ་དང་འགྲོགས་པའི་མི་ལ་རྟེན་པའི་ཚུལ་ཁྲིམས་ཡིན་ནོ༎