༡༦
ཨ་རོན་གྱི་བུ་གཉིས་ཡ་ཧོ་ཝཱའི་དྲུང་དུ་བྱུང་བས་ཤི་བའི་རྗེས་ལ་ཡ་ཧོ་ཝཱས་མོ་ཤེ་ལ་གསུང་གླེང་མཛད་ཅིང་།  ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཨ་ཇོ་ཨ་རོན་ལ་སྨྲོས་ཤིག ཁྱོད་རང་མི་འཆི་བའི་ཕྱིར་རྟག་ཏུ་གནས་དམ་པ་རུ་སྒྲོམ་གྱི་ཁར་ཡོད་པའི་ཐུགས་རྗེའི་ཁྲི་ཡོལ་བའི་རྒྱབ་ན་ཡོད་པ་དེའི་དྲུང་དུ་མ་འགྲོ་ཞིག དེ་ཅིའི་ཕྱིར་ཞེ་ན། ང་ནི་སྤྲིན་གྱི་ནང་ན་ཐུགས་རྗེའི་ཁྲིའི་སྟེང་ན་སྣང་བར་འགྱུར་རོ།  ཨ་རོན་གནས་དམ་པ་རུ་འཇུག་སྐབས་སུ་སྡིག་པའི་ཕྱིར་འབུལ་བྱའི་གླང་ཐུག་གཞོན་པ་དང་སྦྱིན་སྲེག་གི་ཕྱིར་ལུག་ཐུག་གཅིག་འཁྲིད་ཅིང་འཇུག་པར་དགོས།  རས་གོས་དམ་པ་ཞིག་གོན་པ་དང་། དེའི་ཤ་རས་ཀྱི་གོས་ཐུང་གིས་འགེབས་པ་དང་། རས་ཀྱི་སྐུ་རགས་ཤིག་འཆིང་བ་དང་། རས་ཀྱི་དབུ་ཐོད་གོན་པར་བྱ། དེ་ནི་ན་བཟའ་དམ་པ་རྣམས་ཡིན་ཏེ། རང་གི་ཤ་ལུས་ཆུས་ཁྲུས་ནས་དེ་རྣམས་གོན་པར་དགོས་སོ།  ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚོགས་ནས་ར་ཐུག་གཉིས་སྡིག་པའི་ཕྱིར་འབུལ་དུ་དང་སྦྱིན་སྲེག་ཏུ་ལུག་ཐུག་གཅིག་ལེན་པར་དགོས།
 ཡང་ཨ་རོན་གྱིས་རང་གི་སྡིག་པའི་ཕྱིར་འབུལ་བྱའི་གླང་ཐུག་འཁྱེར་འོངས་ནས་རང་དང་ཁྱིམ་གྱི་མིའི་ཕྱིར་སྡིག་བཤགས་བྱེད་པར་དགོས།  ཡང་ར་ཐུག་དེ་གཉིས་བླངས་ནས་ཡ་ཧོ་ཝཱའི་སྤྱན་སྔར་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་གཞག་པར་བྱ།  ཡང་ཨ་རོན་གྱིས་ར་ཐུག་དེ་གཉིས་ལ་རྟགས་རིལ་བརྒྱབས་ནས། རྟགས་རིལ་གཅིག་ནི་ཡ་ཧོ་ཝཱ་དང་། རྟགས་རིལ་གཞན་དེ་ཨ་ཟ་ཟིལ་གྱི་ཕྱིར་རོ།  ཡང་རྟགས་རིལ་གྱིས་ཡ་ཧོ་ཝཱའི་ཕྱིར་ཐོན་པའི་ར་ཐུག་དེ་ཨ་རོན་གྱིས་འཁྱེར་འོངས་ནས་སྡིག་པའི་ཕྱིར་མཆོད་པར་འབུལ་གྱི། ༡༠ རྟགས་རིལ་གྱིས་ཨ་ཟ་ཟིལ་གྱི་ཕྱིར་ཐོན་པའི་ར་ཐུག་དེ་གསོན་པོར་ཡ་ཧོ་ཝཱའི་དྲུང་དུ་འཇོག་པར་བྱ། གང་ལ་ཞེ་ན། སྡིག་བཤགས་བྱེད་དེ་ཨ་ཟ་ཟིལ་གྱི་དོན་དུ་འབྲོག་སྟོང་དུ་གཏོང་བའི་ཕྱིར་རོ༎
༡༡ ཡང་ཨ་རོན་གྱིས་རང་གི་སྡིག་པའི་ཕྱིར་འབུལ་བྱའི་གླང་ཐུག་འཁྱེར་འོང་ཞིང་ཁོ་རང་ཁྱིམ་དང་བཅས་པའི་ཕྱིར་སྡིག་བཤགས་བྱེད་དུ་རང་གི་སྡིག་པའི་ཕྱིར་འབུལ་བྱའི་གླང་ཐུག་གསོད་པར་དགོས། ༡༢ ཡང་ཡ་ཧོ་ཝཱའི་མཆོད་ཁྲི་ནས་བླངས་པའི་སོལ་མེས་གང་བའི་སྤོས་ཕོར་དང་། བདུག་སྤོས་ཞིབ་པར་བཏགས་པ་ལག་པ་གཉིས་གང་བ་བླངས་ནས་ཡོལ་བའི་རྒྱབ་ཏུ་འཁྱེར་དགོས། ༡༣ ཡང་བདུག་སྤོས་ཡ་ཧོ་ཝཱའི་དྲུང་དུ་མེ་རུ་འདེབས་པར་དགོས། ཅི་ལ་ཞེ་ན། བདུག་སྤོས་ཀྱི་དུད་པའི་སྤྲིན་གྱིས་དཔང་པོའི་ཁར་ཡོད་པའི་ཐུགས་རྗེའི་ཁྲི་གཡོག་པས་མི་དེ་མི་འཆི་བའི་ཕྱིར་རོ། ༡༤ ཡང་གླང་ཐུག་གི་ཁྲག་ལས་བླངས་ནས་རང་གི་མཛུབ་མོས་ཐུགས་རྗེའི་ཁྲིའི་མདུན་ལོགས་ལ་ཤར་ཕྱོགས་སུ་གཡོག་པ་དང་། ཐུགས་རྗེའི་ཁྲིའི་མདུན་དུ་ལན་བདུན་མཛུབ་མོས་ཁྲག་གཡོག་པར་དགོས།
༡༥ ཡང་མི་ཚོའི་སྡིག་པའི་ཕྱིར་འབུལ་བྱའི་ར་ཐུག་བསད་ནས། དེའི་ཁྲག་ཡོལ་བའི་རྒྱབ་ཏུ་ནང་དུ་འཁྱེར་འོང་ཞིང་། གླང་ཐུག་གི་ཁྲག་དང་བྱས་པ་དང་འདྲ་བར་ཁྲག་འདི་དང་བྱེད་དེ་ཐུགས་རྗེའི་ཁྲིའི་གོང་དུ་དང་ཐུགས་རྗེའི་ཁྲིའི་མདུན་དུ་གཡོག་པ་དང་། ༡༦ གནས་དམ་པ་ལ་ཨིས་ར་ཨེལ་གྱི་བུ་རྣམས་མི་དག་པ་དང་། དེ་དག་གི་འགལ་སྐྱོན་དང་སྡིག་པ་ཐམས་ཅད་ཀྱི་ཕྱིར་སྡིག་བཤགས་བྱེད་ཅིང་། དེ་དག་གི་མི་གཙང་བའི་དབུས་སུ་བཞུགས་པའི་འདུན་མའི་གུར་མཆོག་ལ་ཡང་དེ་ལྟར་བྱེད་པར་དགོས། ༡༧ ཡང་དེས་གནས་དམ་པ་ལ་སྡིག་བཤགས་བྱེད་དུ་ནང་དུ་འཇུག་པ་ནས་ཕྱི་རུ་མཐོན་པའི་བར་དུ་མི་སུ་ཡང་འདུན་མའི་གུར་མཆོག་ན་ཡོད་པར་མི་དགོས། དེ་ལྟར་ཁོ་རང་དང་རང་གི་ཁྱིམ་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚོགས་ཀྱི་ཕྱིར་སྡིག་བཤགས་བྱེད་པར་དགོས། ༡༨ དེ་ནས་ཡ་ཧོ་ཝཱའི་དྲུང་དུ་ཡོད་པའི་མཆོད་ཁྲིའི་རྩར་ཐོན་ནས་དེ་ལ་སྡིག་བཤགས་བྱེད་ཅིང་གླང་ཐུག་གི་ཁྲག་དང་ར་ཐུག་གི་ཁྲག་ལས་བླངས་ནས་ཕྱོགས་བཞིར་མཆོད་ཁྲིའི་རུ་བ་རྣམས་ལ་གཡོག་པར་དགོས། ༡༩ དེའི་སྟེང་དུ་རང་གི་མཛུབ་མོས་ལན་བདུན་ཁྲག་ལས་གཡོག་ཅིང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མི་གཙང་བ་རྣམས་ལས་གཙང་བ་དང་དམ་པར་བྱེད་པར་དགོས་སོ༎
༢༠ ནམ་གནས་དམ་པ་དང་འདུན་མའི་གུར་མཆོག་དང་མཆོད་ཁྲི་ལ་སྡིག་བཤགས་བྱེད་ཟིན་པའི་ཚེ་ར་ཐུག་གསོན་པོ་དེ་འཁྱེར་འོང་བར་དགོས། ༢༡ ཡང་ཨ་རོན་གྱིས་ར་ཐུག་གསོན་པོའི་མགོ་ལ་ལག་པ་གཉིས་ཀ་བཞག་ནས་དེའི་གོང་ལ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཉེས་པ་ཐམས་ཅད་དང་དེ་དག་གི་སྡིག་པ་ཐམས་ཅད་ལས་འབྱུང་བའི་འགལ་འཁྲུལ་ཐམས་ཅད་མཐོལ་ཞིང་དེ་དག་ར་ཐུག་གི་མགོ་ལ་བཀལ་ནས། དེར་གྲལ་སྒྲིག་ཡོད་པའི་མི་ཞིག་གིས་འབྲོག་སྟོང་དུ་གཏོང་བར་དགོས། ༢༢ དེ་ལྟར་ར་ཐུག་དེ་དག་གི་ཉེས་པ་ཐམས་ཅད་འཁུར་ཞིང་གནས་དབྱེན་པ་ཞིག་ཏུ་འཁྱེར་བའི་ཕྱིར་ཁོས་ར་ཐུག་འབྲོག་སྟོང་དུ་གཏོང་བར་དགོས།
༢༣ ཡང་ཨ་རོན་འདུན་མའི་གུར་མཆོག་གི་ནང་དུ་ཞུགས་ནས་སྔར་གནས་དམ་པར་ཞུགས་པའི་སྐབས་སུ་གོན་པའི་རས་གོས་རྣམས་ཕུད་ཅིང་དེར་བཞག་པ་དང་། ༢༤ གནས་དམ་པ་རུ་རང་གི་ཤ་ལུས་ཆུས་ཁྲུས་ནས་རང་གི་གོས་རྣམས་གོན་པ་དང་། ཕྱིར་ཐོན་ནས་རང་གི་ཕྱིར་སྦྱིན་སྲེག་ཅིག་དང་མི་བརྒྱུད་ཀྱི་ཕྱིར་སྦྱིན་སྲེག་ཅིག་འབུལ་ཞིང་རང་དང་མི་ཚོའི་ཕྱིར་སྡིག་བཤགས་བྱེད་པར་དགོས། ༢༥ ཡང་སྡིག་པའི་ཕྱིར་ཕུལ་བའི་དུད་འགྲོའི་ཚིལ་མཆོད་ཁྲིའི་ཁར་མེས་སྲེག་པར་བྱ། ༢༦ ཡང་ཨ་ཟ་ཟིལ་གྱི་ཕྱིར་ར་ཐུག་ཕ་རོལ་དུ་ཁྱེར་བའི་མི་དེས་རང་གི་གོས་རྣམས་འཁྲུད་པ་དང་རང་གི་ཤ་ལུས་ཆུས་ཁྲུས་པའི་རྗེས་སུ་ཚོགས་རའི་ནང་དུ་འགྲོ་ཆོག་གོ། ༢༧ ཡང་སྡིག་པའི་ཕྱིར་ཕུལ་བའི་གླང་ཐུག་དང་སྡིག་པའི་ཕྱིར་ཕུལ་བའི་ར་ཐུག་དེ་གཉིས་ཀྱི་ཁྲག་གིས་གནས་དམ་པར་སྡིག་བཤགས་བྱེད་དུ་ནང་དུ་ཁྱེར་ནས། དེ་གཉིས་ཀྱི་རོ་ཚོགས་རའི་ཕྱི་རོལ་ཏུ་འཁྱེར་བ་དང་དེ་དག་གི་ཤ་དང་ལྕི་བ་མེས་སྲེག་པར་དགོས། ༢༨ ཡང་སྲེག་པའི་མི་དེས་རང་གི་གོས་རྣམས་འཁྲུད་པ་དང་རང་གི་ཤ་ལུས་ཆུས་ཁྲུས་པའི་འོག་ཏུ་ཚོགས་རའི་ནང་དུ་འགྲོ་ཆོག་གོ།
༢༩ ཡང་ཁྱེད་ཅག་གི་ཕྱིར་དུས་རྒྱུན་གྱི་སྤྱད་མཚམས་འདི་ཡོད་པར་དགོས། ཟླ་བ་བདུན་པའི་ཚེས་བཅུ་པ་ལ་སྨྱུང་བར་བྱེད་དེ་གཞིས་ལ་སྐྱེས་པའམ་ཕྱི་མི་གང་གིས་ཀྱང་ལས་བྱེད་པར་མི་རུང་ངོ་། ༣༠ དེ་ཅིའི་ཕྱིར་ཞེ་ན། ཉིན་དེ་ཉིད་དུ་ཁྱེད་རང་གི་སྡིག་པ་ཐམས་ཅད་ཀྱི་ཕྱིར་སྡིག་བཤགས་ཐོབ་ཅིང་ཡ་ཧོ་ཝཱའི་ཞལ་ངོར་ཁྱེད་དག་པར་མཛད་ཡོང་བའི་ཕྱིར་རོ། ༣༡ ཉིན་དེ་ནི་ཁྱེད་ཀྱི་ཕྱིར་ཤབ་བཱད་ཀྱི་དམ་པའི་ངལ་གསོ་བའི་ཉི་མ་ཡིན་ཏེ། དེ་སྲུང་བ་བྱེད་པ་ནི་རྟག་པའི་སྤྱད་མཚམས་ཤིག་ཡོད་པར་དགོས་སོ། ༣༢ ཡང་བྱུགས་པའི་སྒོ་ནས་ཕའི་ཚབ་ཏུ་བླ་མ་བྱེད་པའི་དབང་ཐོབ་པའི་བླ་མས་སྡིག་བཤགས་བྱེད་ཅིང་། རས་གོས་དམ་པ་རྣམས་གྱོན་ཏེ། ༣༣ གནས་དམ་པའི་དམ་པ་དང་འདུན་མའི་གུར་མཆོག་དང་མཆོད་ཁྲིའི་དོན་དུ་སྡིག་བཤགས་བྱེད་པ་དང་། བླ་མ་རྣམས་དང་མི་ཚོའི་ཚོགས་ཐམས་ཅད་ཀྱི་ཕྱིར་སྡིག་བཤགས་བྱེད་པར་དགོས། ༣༤ ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྡིག་པ་ཐམས་ཅད་ཀྱི་ཕྱིར་ལོ་རེ་བཞིན་ལན་རེ་སྡིག་བཤགས་བྱེད་པ་ནི་རྟག་པའི་སྤྱད་མཚམས་ཤིག་ཡོད་པར་དགོས་སོ་ཞེས་བཀའ་སྩལ་ཏོ༎
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་ཨ་རོན་གྱིས་བྱས་སོ༎