༡༧
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་གསུངས་པ།  ཨ་རོན་དང་། དེའི་བུ་རྣམས་དང་། ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ཡ་ཧོ་ཝཱས་བཀའ་གནང་བ་འདི་ལྟ་སྟེ།  ཨིས་ར་ཨེལ་གྱི་ཁྱིམ་ནས་མི་སུས་ཀྱང་གླང་ངམ། ལུག་གམ། ར་མ་སྒར་གྱི་ནང་ན་བསད་པའམ། སྒར་གྱི་ཕྱི་རོལ་ན་བསད་པ།  གལ་ཏེ་ཡ་ཧོ་ཝཱའི་བཞུགས་གནས་ཀྱི་མདུན་དུ་ཡ་ཧོ་ཝཱ་ལ་མཆོད་པར་འབུལ་བའི་ཕྱིར་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་མི་འབུལ་ན། ཁྲག་དེ་ནི་མི་དེ་ལ་ཉེས་པ་ལྟར་རྩི་བར་དགོས་ཤིང་། ཁྲག་ཕོས་པས་མི་དེ་ནི་རང་གི་མི་སྡེའི་དཀྱིལ་ནས་རྩད་ནས་གཅོད་པར་དགོས་སོ།  ཅི་ལ་ཞེ་ན། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཐང་ན་མཆོད་པ་འབུལ་བ་དང་གསོད་པའི་དུད་འགྲོ་རྣམས་ཡ་ཧོ་ཝཱའི་དྲུང་དུ་འདུན་མའི་གུར་མཆོག་གི་འགྲམ་དུ་བླ་མ་ལ་འཁྱེར་འོང་བ་དང་། ཡ་ཧོ་ཝཱ་ལ་བདེ་བའི་མཆོད་པ་རྣམས་འབུལ་བའི་ཕྱིར་རོ།  ཡང་བླ་མས་ཁྲག་ནི་འདུན་མའི་གུར་མཆོག་གི་སྒོའི་འགྲམ་ན་ཡོད་པའི་ཡ་ཧོ་ཝཱའི་མཆོད་ཁྲི་ལ་གཡོག་པ་དང་། ཚིལ་ནི་ཡ་ཧོ་ཝཱའི་ཕྱིར་དྲི་ཞིམ་དུ་སྦར་བར་དགོས་སོ།  ཡང་ཕྱིན་ཆད་དུ་ར་ཐུག་རྣམས་ལ་རྟེན་ཞིང་གཡེམ་པོ་ཡིན་པས་དེ་དག་ལ་མཆོད་པར་འབུལ་བའི་ཕྱིར་དུད་འགྲོ་རྣམས་གསོད་པར་མི་བྱའོ། དེ་ནི་དེ་དག་དང་རྗེས་སུ་འབྱུང་བའི་བུ་བརྒྱུད་ཀྱི་ཕྱིར་དུས་རྟག་ཏུ་ཚུལ་ཁྲིམས་ཡིན་ནོ༎
 ཡང་ཁྱོད་ཀྱིས་དེ་དག་ལ་འདི་སྐད་ཅེས་སྨྲོས་ཤིག ཨིས་ར་ཨེལ་གྱི་ཁྱིམ་གྱི་མི་དང་དེ་དག་གི་ཁྲོད་དུ་གནས་པའི་ཕྱི་མི་གང་གིས་ཀྱང་སྦྱིན་སྲེག་གམ་དམར་མཆོད་ཅིག་འབུལ་བའི་སྐབས་སུ།  གལ་ཏེ་ཡ་ཧོ་ཝཱ་ལ་འབུལ་བའི་ཕྱིར་འདུན་མའི་གུར་མཆོག་གི་སྒོའི་འགྲམ་དུ་འཁྱེར་མི་འོང་ན། མི་དེ་ནི་མི་སྡེ་ལས་རྩད་ནས་གཅོད་པར་དགོས་སོ༎
༡༠ ཡང་ཨིས་ར་ཨེལ་གྱི་ཁྱིམ་དང་དེ་དག་གི་ཁྲོད་དུ་གནས་པའི་ཕྱི་མི་གང་གིས་ཀྱང་གལ་ཏེ་ཁྲག་ཟ་ན། ངས་ཁྲག་ཟ་བའི་མི་ལས་ཞལ་བསྒྱུར་ཏེ། དེ་རང་གི་མི་ཚོ་ལས་རྩད་ནས་གཅོད་པར་འགྱུར་རོ། ༡༡ གང་ལ་ཞེ་ན། ཤའི་སྲོག་ནི་ཁྲག་ན་ཡོད་དེ། ཁྲག་ནི་སྲོག་དོད་དུ་བྱེད་པའི་རྫས་ཡིན་པས། ངས་དེ་ནི་ཁྱོད་ཅག་གི་སེམས་ཀྱི་དོད་བྱེད་པར་མཆོད་ཁྲི་ལ་བསྟེར་བའི་ཕྱིར་རོ། ༡༢ དེ་བས་ན་ངས་ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་དུ། ཁྱེད་ཀྱི་ནང་ནས་མི་སུས་ཀྱང་ཁྲག་ཟ་བར་མི་རུང་། ཡང་ཁྱོད་ཅག་གི་ནང་དུ་གནས་པའི་ཕྱི་མི་གང་གིས་ཀྱང་ཁྲག་ཟ་བར་མི་རུང་ངོ་ཞེས་སྨྲས་སོ། ༡༣ ཨིས་ར་ཨེལ་གྱི་ཁྱིམ་མི་དང་དེ་དག་གི་ཁྲོད་དུ་གནས་པའི་ཕྱི་མི་གང་གིས་ཀྱང་ཁྱི་ར་ལ་རི་དྭགས་སམ་ཟ་བར་རུང་བའི་བྱ་གསོད་ན། ཁྲག་ཕོས་ནས་ས་དང་འགེབས་པར་དགོས་སོ༎
༡༤ གང་ལ་ཞེ་ན། ཤ་ཐམས་ཅད་ཀྱི་སྲོག་ལ་ལྟ་ན། དེའི་ཁྲག་ནི་དེའི་སྲོག་དང་གཅིག་པ་ཡིན། དེའི་ཕྱིར་ངས་ཨིས་ར་ཨེལ་གྱི་བུ་རྣམས་ལ། ཤ་ལུས་ཐམས་ཅད་ཀྱི་སྲོག་ནི་ཁྲག་ཡིན་པས་ཁྱོད་ཅག་གིས་ལུས་གང་གི་ཡང་ཁྲག་མ་ཟ། ཟ་བའི་མི་རྩད་ནས་གཅོད་པར་དགོས་ཤེས་སྨྲས་པའི་ཕྱིར་རོ། ༡༥ ཡང་གཞིས་སྐྱེས་སམ་ཕྱི་མི་གང་གིས་ཀྱང་ཤི་བའམ་གཅན་གཟན་གྱིས་བསད་པའི་དུད་འགྲོའི་ཤ་ཟ་བ་དེས་གོས་རྣམས་འཁྲུད་པ་དང་། ལུས་ཡང་ཆུས་འཁྲུད་པ་དང་། དགོངས་མོའི་བར་དུ་མི་གཙང་བར་ཡོད་པར་བྱ། དེའི་རྗེས་སུ་གཙང་མ་འདུག་གོ། ༡༦ ཇི་སྟེ་གོས་དང་ལུས་མི་འཁྲུད་ན་ཉེས་པ་དེ་ལ་གནས་སོ་ཞེས་བཀའ་གནང་ངོ་༎