༡༨
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ང་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ཡིན་ནོ།  གང་ན་ཁྱེད་རང་གནས་པའི་མི་སེར་ཡུལ་གྱི་ལུགས་སྲོལ་བཞིན་དུ་ཁྱེད་ཀྱིས་བྱེད་པར་མི་རུང་བ་དང་། གང་དུ་ངས་ཁྱེད་འཁྲིད་པའི་ཀ་ན་ཨན་ཡུལ་གྱི་ལུགས་སྲོལ་བཞིན་དུ་ཁྱེད་ཀྱིས་མ་བྱེད། དེ་དག་གི་སྤྱད་མཚམས་བཞིན་དུ་ཡང་སྤྱོད་པར་མི་རུང་ངོ་།  ངའི་ཁྲིམས་རྣམས་བཞིན་དུ་དང་། ངའི་སྤྱད་མཚམས་སྲུང་སྟེ་དེ་བཞིན་དུ་བྱེད་པར་དགོས། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་པའི་ཕྱིར་རོ།  ངའི་སྤྱད་མཚམས་དང་བཀའ་ཁྲིམས་རྣམས་སྲུང་དང་། མི་སུས་ཀྱང་དེ་བཞིན་དུ་བྱེད་པ་ནི་དེ་དག་གི་ཐབས་ཀྱིས་འཚོ་བར་འགྱུར་རོ༎
 མི་སུས་ཀྱང་རང་གི་གཉེན་ཉེ་བ་རྣམས་ཀྱི་ནང་ནས་སུ་ཞིག་གི་ཤ་ལུས་གཅེར་བུར་འབྱིན་དུ་དེའི་རྩར་མ་འགྲོ། གང་ལ་ཞེ་ན། ང་ནི་ཡ་ཧོ་ཝཱ་ཡིན་པའི་ཕྱིར་རོ།  ཁྱོད་ཀྱི་ཕའི་ཤ་ལུས་དང་ཁྱོད་ཀྱི་མའི་ཤ་ལུས་རྗེན་པར་མ་འདོན། ཁྱོད་ཀྱི་མ་ཡིན་པའི་ཕྱིར་དེའི་ཤ་ལུས་གཅེར་བུར་བྱེད་པར་མི་རུང་ངོ་།  ཁྱོད་ཀྱི་ཕའི་ཆུང་མའི་ཤ་ལུས་གཅེར་བུར་མ་འབྱིན་ཞིག དེ་ནི་ཁྱོད་ཀྱི་ཕའི་ཤ་ལུས་དང་གཅིག་པ་ཡིན་པའི་ཕྱིར་རོ།  ཁྱོད་ཀྱི་སྲིང་མོ་ཞེ་ན། ཁྱོད་ཀྱི་ཕའི་བུ་མོའམ། ཁྱོད་ཀྱི་མའི་བུ་མོ་ཁང་པ་ན་སྐྱེས་པ་ཡང་ན་ཕྱི་རུ་སྐྱེས་པ་ཡིན་པ་དེའི་ཤ་ལུས་གཅེར་བུར་འབྱིན་པར་མི་རུང་ངོ་། ༡༠ ཁྱོད་ཀྱི་བུའི་བུ་མོའམ། ཁྱོད་ཀྱི་བུ་མོའི་བུ་མོའི་ཤ་ལུས་གཅེར་བུར་བྱེད་པར་མི་རུང་ངོ་། ཁྱོད་རང་གི་ཤ་ལུས་དང་གཅིག་པ་ཡིན་པའི་ཕྱིར་རོ། ༡༡ ཁྱོད་ཀྱི་ཕའི་ཆུང་མའི་བུ་མོའི་ཤ་ལུས་གཅེར་བུར་བྱེད་པར་མི་རུང་ངོ་། ཁྱོད་ཀྱི་ཕ་ནས་ཆད་པས་ཁྱོད་ཀྱི་སྲིང་མོ་ཡིན་པའི་ཕྱིར་རོ། ༡༢ ཁྱོད་ཀྱི་ཕའི་སྲིང་མོའི་ཤ་ལུས་གཅེར་བུར་འབྱིན་པར་མི་རུང་ངོ་། ཁྱོད་ཀྱི་ཕའི་གཉེན་ཉེ་བ་ཡིན་པའི་ཕྱིར་རོ། ༡༣ ཁྱོད་ཀྱི་མའི་ནུ་མོའི་ཤ་ལུས་གཅེར་བུར་འབྱིན་པར་མི་རུང་ངོ་། ཁྱོད་ཀྱི་མའི་གཉེན་ཉེ་བ་ཡིན་པའི་ཕྱིར་རོ། ༡༤ ཁྱོད་ཀྱི་ཕའི་ནུ་བོའི་ཤ་ལུས་གཅེར་བུར་བྱེད་པའམ། དེའི་ཆུང་མ་དང་འགྲོགས་པར་མི་རུང་། ཁྱོད་ཀྱི་ནེ་ནེ་ཡིན་པའི་ཕྱིར་རོ། ༡༥ ཁྱོད་ཀྱི་མནའ་མའི་ཤ་ལུས་གཅེར་བུར་མ་བྱེད། ཁྱོད་ཀྱི་བུའི་ཆུང་མ་ཡིན་པས་དེའི་ལུས་རྗེན་པར་འདོན་པར་མི་རུང་ངོ་། ༡༦ ཁྱོད་ཀྱི་ནུ་བོའི་ཆུང་མའི་འདོམས་མི་འགེབས་པར་མ་བྱེད། ཁྱོད་ཀྱི་ནུ་བོའི་ཤ་ལུས་དང་འདྲ་བ་ཡིན་པའི་ཕྱིར་རོ། ༡༧ བུད་མེད་གཅིག་དང་དེའི་བུ་མོའི་ཤ་ལུས་གཅེར་བུར་མ་འབྱིན། ཡང་དེའི་བུའི་བུ་མོ་དང་། བུ་མོའི་བུ་མོ་དེའི་ཤ་ལུས་གཅེར་བུར་བྱེད་དུ་མ་འབྱིན་ཞིག གཉེན་ཉེ་བ་ཡིན་པའི་ཕྱིར་རོ། ལས་དེ་ནི་མི་གཙང་བ་ཞིག་ཡིན་ནོ། ༡༨ ཡང་ཆུང་མ་གསོན་པའི་ཚེ་དེའི་བུ་མོ་ཟུར་གྲོགས་བྱེད་དུ་དེའི་ཤ་ལུས་གཅེར་བུར་མ་བྱེད། ཕྲག་དོག་མི་སྐྱེད་པའི་ཕྱིར་རོ༎
༡༩ ཡང་བུད་མེད་ཅིག་ཟླ་མཚན་དང་ལྡན་ཞིང་མི་གཙང་བ་ཡིན་པའི་བར་དུ་དེའི་ཤ་ལུས་གཅེར་བུར་མ་འབྱིན། དེ་དང་མ་འགྲོགས་ཤིག ༢༠ ཡང་ཁྱིམ་མཚེས་པའི་ཆུང་མ་དང་འགྲོགས་པའི་སྒོ་ནས་ཁྱོད་རང་འབག་པར་མི་རུང་ངོ་། ༢༡ ཡང་མོ་ལེག་གི་དོན་དུ་ཁྱོད་ཀྱིས་རང་གི་ས་བོན་ལས་སུ་ཡང་མེ་ལ་སྲེག་པར་མ་གཏོང་ཞིག ཁྱོད་ཀྱི་དཀོན་མཆོག་གི་མཚན་མི་གཙང་བར་མ་བྱེད་ཅིག ང་ནི་ཡ་ཧོ་ཝཱ་ཡིན་ནོ། ༢༢ ཡང་བུད་མེད་དང་འགྲོགས་པའི་ཚུལ་དུ་སྐྱེས་པ་དང་མ་འགྲོགས་ཤིག ལས་ཞེན་ལོག་ཡིན་ནོ། ༢༣ ཡང་རང་འབགས་པའི་ཕྱིར་དུད་འགྲོ་གང་དང་མ་འགྲོགས་ཤིག ཡང་བུད་མེད་སུའང་དུད་འགྲོ་ཞིག་དང་འགྲོགས་པའི་ཕྱིར་དེའི་མདུན་དུ་སྡོད་པར་མི་རུང་ངོ་། དེ་ནི་ཤིན་ཏུ་མི་རུང་བའོ༎
༢༤ ངས་ཁྱོད་ཅག་གི་སྔོན་དུ་སྐྲོད་པའི་མི་བརྒྱུད་རྣམས་ཀྱིས་བྱ་བ་དེ་ཐམས་ཅད་ཀྱིས་འབགས་པས། ཁྱོད་ཅག་དེ་དག་གིས་འབགས་པར་མ་གྱུར་ཅིག ༢༥ ཡུལ་ཡང་འབགས་པར་གྱུར་ནས། ངས་དེ་དག་གི་ཉེས་ལན་འཇལ་ཅིང་། ཡུལ་གྱིས་ཡུལ་པ་རྣམས་བསྐྱུགས་སོ། ༢༦ འོན་ཀྱང་ཁྱེད་ཀྱིས་ངའི་སྤྱད་མཚམས་དང་བཀའ་ཁྲིམས་རྣམས་སྲུང་ལ། གཞིས་སྐྱེས་པའམ་ཁྱེད་ཀྱི་ཁྲོད་དུ་གནས་པའི་ཕྱི་མིས་ཀྱང་ལས་མི་གཙང་བ་དེ་ཐམས་ཅད་ལས་ཅིའང་མ་བྱེད་ཅིག ༢༧ ཅི་ལ་ཞེ་ན། ཁྱེད་ཀྱི་སྔོན་ལ་ཡོད་པའི་ཡུལ་མི་རྣམས་ཀྱིས་ལས་མི་གཙང་བ་དེ་ཐམས་ཅད་བྱས་པས། ཡུལ་འབག་པར་གྱུར་པའི་ཕྱིར་རོ། ༢༨ ཅི་སྟེ་ཁྱོད་ཀྱིས་དེ་ལྟར་བྱེད་ན། ཁྱོད་ཅག་གི་སྔར་ཡོད་པའི་མི་བརྒྱུད་དེ་ཡུལ་གྱིས་བསྐྱུགས་པ་ལྟར་ཁྱོད་ཀྱང་གལ་ཏེ་ཡུལ་འབག་པར་བྱེད་ན་འདོར་བར་འགྱུར་རོ། ༢༩ ད་མི་སུས་ལས་ཞེ་ལོག་མི་གཙང་བ་དེ་ཐམས་ཅད་ལས་གཅིག་ཀྱང་བྱེད་ན། དེ་ལྟར་བྱེད་པའི་མི་རང་གི་མི་ཚོ་ལས་རྩད་ནས་གཅོད་པར་བྱའོ། ༣༠ དེ་བས་ན་ང་ལ་བརྟེན་ནས་སྲུང་རྒྱུ་ཐམས་ཅད་སྲུང་ཞིག ཁྱེད་ཀྱི་སྔར་ཡོད་པའི་ཁྲིམས་མི་གཙང་བ་རྣམས་དང་འདྲ་བར་ཅིས་ཀྱང་མ་བྱེད་དེ་འབགས་པ་ལས་སྲུང་ཞིག ང་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ཡིན་ནོ་ཞེས་བཀའ་གནང་ངོ་༎