༡༩
ཡང་སྐྱར་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་གསུངས་པ། ༢ ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚོགས་ཐམས་ཅད་ལ་འདི་སྐད་ཅེས་སྨྲོས་ཤིག ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་དམ་པ་ཡིན་པ་ལྟར་ཁྱེད་ཀྱང་དམ་པ་ཡིན་པར་དགོས་སོ། ༣ ཁྱོད་རྣམས་ལས་རེས་རང་གི་ཕ་དང་མ་ལ་བཀུར་སྟི་བྱེད་པ་དང་། ངའི་ཤབ་བཱད་རྣམས་སྲུང་བར་དགོས། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ནོ། ༤ ལྷ་རྣམས་ཀྱི་ཕྱོགས་སུ་མ་ལོག་དང་། བླུགས་སྐུ་རྣམས་ཁྱེད་ཀྱི་ཕྱིར་མ་བཟོས་ཤིག ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ནོ། ༥ ཡང་ཡ་ཧོ་ཝཱ་ལ་བདེ་བའི་མཆོད་པ་ཞིག་འབུལ་ན། ཁྱེད་ལ་མཉེས་པའི་ཕྱིར་འབུལ་བར་དགོས་སོ། ༦ མཆོད་པར་ཕུལ་བའི་ཉིན་དེ་རང་དང་དེའི་སང་ཉིན་ལ་ཟ་བར་དགོས་ཀྱི། ཞག་གསུམ་པའི་བར་དུ་ལུས་པ་ནི་མེས་སྲེག་པར་བྱའོ། ༧ ཅི་སྟེ་ཞག་གསུམ་པར་ཟ་ན། མི་གཙང་བ་ཡིན་པས་ཐུགས་སུ་མི་འབབ། ༨ ཟ་བའི་མི་ལ་ཉེས་ལན་ཕོག་འོས་ཏེ། ཡ་ཧོ་ཝཱའི་ཕྱིར་རྫས་དམ་པ་ཞིག་མི་གཙང་བར་བྱས་པས་དེའི་སེམས་ནི་རང་གི་མི་སྡེ་ལས་རྩད་ནས་གཅོད་པར་དགོས་སོ༎༩ ཡང་ཁྱེད་ཀྱི་ས་གཞིའི་ལོ་ཐོག་རྔ་བའི་ཚེ་ཞིང་གི་གྲུ་རྣམས་ལས་ཡོངས་སུ་མ་རྔ་། བརྔས་པའི་ཤུལ་སྡུ་བར་མི་རུང་ངོ་། ༡༠ རྒུན་ཚལ་གྱི་ཤུལ་དང་ལྷུང་བའི་རྒུན་འབྲུམ་རྣམས་སྡུ་བར་མི་རུང་གི། དབུལ་པོ་དང་ཕྱི་མིའི་ཕྱིར་ལུས་པར་དགོས་སོ། ང་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ཡིན་ནོ༎
༡༡ ཁྱེད་ཀྱིས་མ་རྐུ། མགོ་མ་སྐོར་ཞིག གཅིག་གིས་གཅིག་ལ་རྫུན་མ་ཟེར། ༡༢ རང་གི་དཀོན་མཆོག་གི་མཚན་འབག་པར་བྱེད་དུ་ངའི་མཚན་བརྗོད་ཅིང་བརྫུན་གྱི་མནའ་མ་སྐྱེལ། ང་ནི་ཡ་ཧོ་ཝཱ་ཡིན་ནོ༎
༡༣ ཁྱོད་ཀྱི་ཁྱིམ་མཚེས་པ་ནོན་པ་དང་དེའི་ནོར་འཕྲོག་པར་མི་རུང་ངོ་། གླ་པའི་གླ་ནི་སང་ཉིན་གྱི་བར་དུ་ཁྱོད་ཀྱི་ལག་ཏུ་ལུས་མ་འཇུག ༡༤ མི་འོན་པ་ཞིག་ལ་སྨོན་ལོག་མ་འདེབས། མི་ལོང་བའི་ལམ་དུ་ལྟུང་རྒྱུ་ཞིག་མ་འཇོག་གི། ཁྱེད་ཀྱི་དཀོན་མཆོག་ལ་འཇིགས་པར་དགོས་སོ། ང་ནི་ཡ་ཧོ་ཝཱ་ཡིན་ནོ༎
༡༥ ཞལ་ཆེ་གཅོད་སྐབས་སུ་མི་རིགས་པར་མ་བྱེད། མི་དབུལ་པོའི་ངོ་ལ་ལྟ་བ་དང་། མི་ཆེན་གྱི་ངོ་ལ་ཡང་བཀུར་བར་མི་རུང་གི། ཇི་རིགས་པ་བཞིན་དུ་ཁྱོད་ཀྱི་ཁྱིམ་མཚེས་པའི་ཞལ་ཆེ་གཅོད་པར་དགོས་སོ། ༡༦ གཏམ་ངན་གཏོང་བའི་ཕྱིར་ཁྱོད་ཀྱི་མི་སྡེའི་ནང་དུ་མ་འཁོར་ཞིག ཁྱོད་ཀྱི་ཁྱིམ་མཚེས་པའི་སྲོག་ལ་མ་རྔམ་ཞིག ང་ནི་ཡ་ཧོ་ཝཱ་ཡིན་ནོ༎
༡༧ ཁྱོད་ཀྱི་སྙིང་ནང་ན་སྤུན་ལ་དགྲར་སྡང་བར་མི་རུང་གི། ཁྱིམ་མཚེས་པའི་ཕྱིར་ཁྱོད་ལ་ཉེས་པ་མི་འཕོག་པའི་ཕྱིར་དེ་ལ་བསླབ་བྱ་བྱེད་པར་དགོས་སོ། ༡༨ ཁྱོད་ཀྱི་མི་སྡེའི་བུ་རྣམས་ལས་ལན་ལེན་པ་དང་འཁོན་པའི་སེམས་མི་སྐྱེད་ཀྱིས། ཁྱོད་རང་དང་འདྲ་བར་ཁྱིམ་མཚེས་པ་ལ་གཅེས་པར་འཇིན་པར་དགོས། ང་ནི་ཡ་ཧོ་ཝཱ་ཡིན་ནོ༎
༡༩ ངའི་སྤྱད་མཚམས་རྣམས་སྲུང་བར་དགོས་སོ། ཁྱོད་ཀྱི་དུད་འགྲོའི་རིགས་སོ་སོ་ཡིས་འཁྲིག་པ་བྱེད་དུ་མ་འཇུག ཡང་ཁྱོད་ཀྱི་ཞིང་ལ་ས་བོན་གྱི་རིགས་སོ་སོ་གཉིས་མ་འདེབས། རྒྱུ་སོ་སོ་གཉིས་ལས་བྱས་པའི་གོས་ཁྱེད་གོན་པར་མི་རུང་ངོ་༎
༢༠ ཡང་སྐྱེས་པ་ཞིག་བུད་མེད་ལ་སྦྱོར་བ་བྱས་པས་གལ་ཏེ་མོ་དེ་ནི་བྲན་མོ་ཡིན་ཞིང་སྐྱེས་པ་གཞན་མ་ལ་བག་མར་བཏང་གི་བླུ་བའི་རིན་མ་ཕྲོད་དམ། ཐར་དུ་མ་བཅུག་ན། མོ་དེ་ཐར་བར་གྱུར་པ་མ་ཡིན་པས། དེ་གཉིས་ལ་ཆད་པས་གཅོད་པར་དགོས་ཀྱང་། གསོད་པར་མི་དགོས་སོ། ༢༡ ཁོས་རང་གི་ནོངས་པ་སེལ་བའི་ཕྱིར་མཆོད་པ་ཞིག་ཡ་ཧོ་ཝཱ་ལ་འདུན་མའི་གུར་མཆོག་གི་འགྲམ་དུ་ལུག་ཐུག་ཅིག་ནོངས་སེལ་གྱི་མཆོད་པར་འཁྱེར་འོང་བར་དགོས་སོ། ༢༢ ཡང་བླ་མས་ནོངས་སེལ་བའི་ཕྱིར་ཕུལ་བའི་ལུག་ཐུག་གི་སྒོ་ནས་མི་དེས་བྱས་པའི་སྡིག་པ་ལ་བརྟེན་ནས་ཡ་ཧོ་ཝཱའི་ཞལ་ངོར་སྡིག་བཤགས་བྱེད་པ་དང་། དེས་བྱས་པའི་སྡིག་པ་སེལ་བར་འགྱུར་དགོས་སོ༎
༢༣ ཁྱེད་ཚོ་ནམ་ཡུལ་དུ་ཕྱིན་ནས་བཟའ་ཤིང་སྣ་ཚོགས་བཙུགས་པའི་ཚེ་དེ་དག་གི་ཤིང་ཐོག་མདུན་ལྤགས་དང་འདྲ་བར་རྩི་ཞིང་ལོ་གསུམ་གྱི་བར་དུ་དེ་མ་བཅད་པ་ལྟར་ཤེས་ཏེ་ཟ་ཆོག ༢༤ ལོ་བཞི་པ་ལ་ཤིང་ཐོག་ཐམས་ཅད་ཡ་ཧོ་ཝཱ་ལ་སྟོད་པའི་ཕྱིར་དམ་པར་འགྱུར་བར་དགོས་སོ། ༢༥ འོན་ཀྱང་ལོ་ལྔ་པར་དེ་དག་གི་འབྲས་བུ་ཟ་ཞིང་ཤིང་གི་ལོ་ཐོག་ཁྱེད་ཀྱི་ཕྱིར་སྡུ་བར་རུང་ངོ་། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ནོ༎
༢༦ ཁྱེད་ཚོས་གང་ཞིག་དེའི་ཁྲག་མཉམ་ཟ་བར་མི་རུང་ངོ་། སྔགས་ཟླ་བ་དང་མོ་མ་འདེབས་ཤིག ༢༧ ཁྱེད་ཀྱི་མགོའི་སྐྲའི་མཐའ་མ་ཟླུམ་པོར་འབྲེག་པ་དང་། ཁ་སྤུའི་མཐའ་མ་འབྲེག་པར་མི་རུང་ངོ་། ༢༨ གཤིན་པོ་ཞིག་གི་ཕྱིར་དུ་ཁྱེད་ཀྱི་ཤ་ལ་རི་མོ་རྣམས་འབྲི་བ་དང་། ཁྱོད་ཀྱི་ལུས་ལ་རྟགས་རྣམས་གང་ཡང་འཚོག་པར་མི་རུང་ངོ་། ང་ནི་ཡ་ཧོ་ཝཱ་ཡིན་ནོ༎
༢༩ ཁྱེད་ཀྱི་བུ་མོ་སྨད་ཚོང་མ་བྱེད་དུ་མ་འཇུག་མི་གཙང་བ་མ་བྱེད་ཅིག ཇི་སྟེ་བྱེད་ན་ཡུལ་ལོག་གཡེམ་བྱེད་དུ་ཞུགས་ཡོང་བ་དང་ཉེས་པས་གང་བར་འགྱུར་རོ། ༣༠ ངའི་ཤབ་བཱད་རྣམས་སྲུང་བ་དང་། ངའི་མཆོད་ཁང་ལ་འཇིགས་པར་དགོས་སོ། ང་ནི་ཡ་ཧོ་ཝཱ་ཡིན་ནོ༎
༣༡ མོ་པ་རྣམས་དང་། མཐུ་འདེབས་པ་རྣམས་ཀྱི་ཕྱོགས་སུ་མ་ལྟ། ཁྱེད་དེ་དག་གི་སྒོ་ནས་འབག་པར་མི་འགྱུར་བའི་ཕྱིར་དེ་དག་མ་འཚོལ་ཞིག ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ནོ༎
༣༢ སྐྲ་དཀར་སྐྱེས་པའི་མདུན་ལ་ལོངས། ཡང་རྒད་པོའི་ངོ་ལ་བཀུར་སྟི་བྱོས་ཤིག་དང་ཁྱོད་ཀྱི་དཀོན་མཆོག་ལ་འཇིགས་པར་དགོས་སོ༎
༣༣ གལ་ཏེ་ཕྱི་མི་ཞིག་ཁྱེད་ཀྱི་ཡུལ་ན་ཁྱོད་དང་མཉམ་དུ་གནས་ན་དེ་ལ་མི་རིགས་པར་མ་བྱེད། ༣༤ གཞིས་སྐྱེས་པ་དང་འདྲ་བར་ཕྱི་མི་ཁྱེད་དང་མཉམ་དུ་གནས་པ་དེ་ཡིན་ཏེ། ཁྱོད་རང་དང་འདྲ་བར་དེ་ལ་ཡང་གཅེས་པར་འཛིན་པར་དགོས། ཁྱེད་རང་ཡང་མི་སེར་ཡུལ་ན་ཕྱི་མི་ལྟར་གནས་པ་ཡིན་པའི་ཕྱིར་རོ། ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ནོ༎
༣༥ ཁྱེད་ཀྱིས་ཁྲིམས་གཅོད་པ་དང་། ཁྲུ་འདེབས་པ་དང་། སྲང་དང་བྲེ་ལ་གཡོ་ཟོལ་མ་བྱེད་ཅིག ༣༦ སྲང་དྲང་པོ་དང་། རྡོ་སྲང་དྲང་པོ་དང་། ཨེ་ཕ་དྲང་པོ་དང་། ཧིན་དྲང་པོ་ཁྱེད་ལ་ཡོད་པར་དགོས་སོ། ང་ནི་ཡ་ཧོ་ཝཱ་ཁྱེད་མི་སེར་ཡུལ་གྱི་ཕྱི་རོལ་དུ་ཁྲིད་པའི་དཀོན་མཆོག་ཡིན་ནོ། ༣༧ ཡང་ངའི་སྤྱད་མཚམས་ཐམས་ཅད་དང་ངའི་ཁྲིམས་ཐམས་ཅད་སྲུང་ལ་དེ་བཞིན་དུ་བྱོས་ཤིག ང་ནི་ཡ་ཧོ་ཝཱ་ཡིན་ནོ་ཞེས་བཀའ་གནང་ངོ་༎