༢༠
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་གསུངས་པ། ༢ ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ཨིས་ར་ཨེལ་གྱི་བུ་དང་ཕྱི་མི་ཨིས་ར་ཨེལ་གྱི་ནང་དུ་གནས་པ་རྣམས་ལས་མི་སུས་ཀྱང་རང་གི་བུ་བརྒྱུད་ནས་མོ་ལེག་གི་ཕྱིར་གཏོང་བ་དེ་གསོད་པར་དགོས། ཡུལ་མི་རྣམས་ཀྱིས་རྡོ་རུབ་ལ་གཏོང་ཞིང་གསོད་པར་དགོས་སོ། ༣ ཡང་དེ་ལྟ་བུའི་མི་ལ་ང་འཁྲོ་ཞིང་། རང་གི་མི་སྡེ་ལས་རྩད་ནས་གཅོད་པར་བྱའོ། གང་ལ་ཞེ་ན། ཁོས་ནི་རང་གི་བུ་བརྒྱུད་ལས་མོ་ལེག་གི་ཕྱིར་བཏང་བས་ངའི་མཆོད་ཁང་སྦག་པ་དང་ངའི་མིང་དམ་པ་དེ་མི་གཙང་བར་བྱས་པའི་ཕྱིར་རོ། ༤ ཡང་རང་གི་བུ་བརྒྱུད་ལས་མོ་ལེག་གི་ཕྱིར་བཏང་བའི་མི་དེའི་ཉེས་པ་ལ་ཡུལ་མི་རྣམས་ཀྱིས་མི་ལྟ་བ་ལྟར་སྦེད་ཅིང་མི་དེ་ནི་མི་གསོད་ན། ༥ ངས་ནི་མི་དེ་དང་དེའི་བུ་བརྒྱུད་ལ་འཁྲོ་ཞིང་། མི་དེ་དང་དེའི་རྗེས་སུ་ལོག་པར་གཡེམ་པ་དང་། མོ་ལེག་ལ་ལོག་གཡེམ་བྱེད་པ་ཐམས་ཅད་རང་གི་མི་སྡེ་ལས་རྩད་ནས་གཅོད་པར་བྱའོ༎༦ ཡང་འགོང་ཞུགས་དང་ལྟས་སྟོན་པ་རྣམས་ཀྱི་ཕྱོགས་སུ་ལྟ་ཞིང་དེ་དག་གི་རྗེས་སུ་ལོག་གཡེམ་བྱེད་པའི་མིའི་སེམས་ལ་ང་འཁྲོ་ཞིང་རང་གི་མི་སྡེ་ལས་རྩད་ནས་གཅོད་པར་འགྱུར་རོ། ༧ ཁྱེད་རང་དམ་པར་བྱོས་དང་དམ་པར་གྱུར་ཅིག ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་པའི་ཕྱིར་རོ། ༨ ཡང་ངའི་སྤྱད་མཚམས་སྲུང་ཞིང་དེ་བཞིན་དུ་བྱོས་ཤིག ང་ནི་ཁྱོད་ཅག་དམ་པར་བྱེད་པའི་ཡ་ཧོ་ཝཱ་ཡིན་ནོ། ༩ རང་གི་ཕའམ་མ་ལ་སྨོན་ལོག་འདེབས་པའི་མི་སུ་ཡིན་ཀྱང་གསོད་པར་དགོས། ཕ་མ་ལ་སྨོན་ལོག་བཏབ་པས་དེའི་སྲོག་སྡིག་དེ་རང་གི་ཁར་ལུས་པར་འགྱུར།
༡༠ མི་ཞིག་གིས་མི་གཞན་གྱི་ཆུང་མ་དང་ལོག་གཡེམ་བྱེད་པ་ཞེ་ན། ཁྱིམ་མཚེས་ཀྱི་ཆུང་མ་ལ་ལོག་གཡེམ་བྱེད་ན། གཡེམ་པོ་དང་གཡེམ་མོ་གཉིས་པོ་གསོད་པར་དགོས་སོ། ༡༡ མི་ཞིག་རང་གི་ཕའི་ཆུང་མ་དང་འགྲོགས་པ་དེས་རང་གི་ཕའི་ཤ་ལུས་གཅེར་བུར་བྱས་པས། དེ་གཉིས་གསོད་པར་དགོས། དེ་དག་གི་སྲོག་སྡིག་ནི་དེ་དག་ཁར་ལུས་པར་འགྱུར། ༡༢ ཡང་མི་ཞིག་རང་གི་མནའ་མ་དང་འགྲོགས་ན། ལས་ཤིན་ཏུ་མི་གཙང་བ་ཞིག་བྱས་པས་དེ་གཉིས་གསོད་པར་དགོས། དེ་དག་གི་སྲོག་སྡིག་ནི་དེ་དག་རང་ཁར་ལུས་ཡོང་། ༡༣ སྐྱེས་པ་ཞིག་གིས་བུད་མེད་མཉམ་ཉལ་བ་ལྟར་བྱེད་ཅིང་ཕོ་དང་འགྲོགས་ན། དེ་གཉིས་ཀྱིས་ལས་མི་གཙང་བ་བྱས་པས་གསོད་པར་དགོས། དེ་དག་གི་སྲོག་སྡིག་ནི་དེ་དག་རང་ལ་འབབ་པར་འགྱུར། ༡༤ སྐྱེས་པ་ཞིག་གིས་བུ་མོ་དང་དེའི་ཨ་མ་གཉིས་ཆུང་མར་ལེན་ན། དེ་ནི་ཉེས་པ་ཡིན་པས། ཁྱེད་ཀྱི་ནང་ན་ཉེས་པ་གང་ཡང་མེད་པའི་ཕྱིར་མི་དེ་དང་མོ་གཉིས་མེས་སྲེག་པར་དགོས་སོ། ༡༥ ཡང་མི་ཞིག་དུད་འགྲོ་ཞིག་དང་འགྲོགས་ན་གསོད་པར་དགོས། དུད་འགྲོ་ཡང་གསོད་པར་དགོས་སོ། ༡༦ ཡང་བུད་མེད་ཅིག་གིས་དུད་འགྲོ་ཞིག་དང་འགྲོགས་ན། ཁྱེད་ཀྱི་བུད་མེད་དང་དུད་འགྲོ་གཉིས་གསོད་ཅིང་མེད་པར་བྱེད་པར་བྱའོ། དེ་དག་གི་སྲོག་སྡིག་ནི་དེ་དག་ཁར་ལུས་འོང་།
༡༧ མི་ཞིག་གིས་རང་གི་སྲིང་མོ་ཞེ་ན། ཕའི་བུ་མོའམ་མའི་བུ་མོ་བླངས་ནས། དེའི་ལུས་གཅེར་བུ་ལ་ལྟ་བ་དང་མོས་ཀྱང་ཁོའི་ལུས་གཅེར་བུ་ལ་ལྟ་ན། ངོ་ཚ་བའི་ལས་ཡིན་པས་རང་གི་མི་སྡེའི་བུ་རྣམས་ཀྱི་མཐོང་ངོར་དེ་གཉིས་རྩད་ནས་གཅོད་པར་དགོས་སོ། སྲིང་མོའི་ཤ་ལུས་གཅེར་བུར་བྱས་པའི་ཕྱིར་ཉེས་ལན་འཕོག་འོས་པའི་ཕྱིར་རོ། ༡༨ མི་ཞིག་ནི་ཟླ་མཚན་དང་ལྡན་པའི་བུད་མེད་ཅིག་དང་འགྲོགས་ཤིང་དེའི་ལུས་གཅེར་བུར་བྱེད་ཅིང་དེའི་ཁྲོན་པ་མཐོང་བ་དང་། མོ་ཡང་རང་གི་ཁྲོན་པའི་ཁྲག་མི་འགེབས་པར་བྱེད་ན། མི་དེ་གཉིས་རང་གི་མི་སྡེ་ལས་རྩད་ནས་གཅོད་པར་དགོས་སོ། ༡༩ ཡང་ཁྱོད་ཀྱི་མའི་ནུ་མོ་དང་ཕའི་སྲིང་མོའི་ཤ་ལུས་གཅེར་བུར་བྱེད་པར་མི་རུང་། རང་གི་གཉེན་ཉེ་བ་གཅེར་བུར་བྱེད་པས། རང་གི་ཉེས་ལན་འཕོག་འོས་སོ། ༢༠ མི་སུ་རང་གི་ཕའི་ནུ་བོའི་ཆུང་མ་དང་འགྲོགས་ན། ཕའི་ནུ་བོའི་ལུས་གཅེར་བུར་བྱས་པ་དང་འདྲ་བར་བྱས་པས། ཉེས་ལན་འཕོག་འོས་པས། རབས་ཆད་པར་འགྱུར་རོ། ༢༡ མི་ཞིག་གིས་གལ་ཏེ་ནུ་བོའི་ཆུང་མ་ལེན་ན། ལས་མི་གཙང་བ་བྱེད་ཅིང་། ནུ་བོའི་ཤ་ལུས་གཅེར་བུར་བྱས་པ་དང་འདྲ་བས། དེ་གཉིས་ཀྱི་རབས་ཆད་པར་དགོས་སོ༎
༢༢ དེ་ལྟར་ཁྱེད་ཚོས་ངའི་སྤྱད་མཚམས་ཐམས་ཅད་དང་ངའི་བཀའ་ཁྲིམས་ཐམས་ཅད་སྲུང་ལ་དེ་བཞིན་དུ་བྱོས་ཤིག དེ་ནས་གང་དུ་ངས་ཁྱེད་འཁྲིད་ཅིང་ཁྱེད་དེར་གནས་པའི་ཡུལ་དེས་ཁྱེད་སྐྱུག་པར་མི་བྱ། ༢༣ ཡང་ངས་ཁྱེད་ཀྱི་སྔོན་དུ་སྐྲོད་པའི་མི་བརྒྱུད་རྣམས་ཀྱི་ལུགས་སྲོལ་བཞིན་དུ་སྤྱོད་པར་མི་རུང་ངོ་། ཅི་ལ་ཞེ་ན། དེ་དག་གིས་ཉེས་པ་དེ་ཐམས་ཅད་བྱས་པས། ངས་དེ་དག་དོར་བ་ཡིན། ༢༤ འོན་ཀྱང་ངས་ཁྱོད་ཚོ་ལ་ཁྱེད་ལ་དེ་དག་གི་ཡུལ་ནི་ནོར་སྐལ་དུ་ཐོབ་སྟེ། ངས་འོ་མ་དང་སྦྲང་རྩིས་གང་བའི་ཡུལ་དེ་ནི་ཁྱེད་ལ་བདག་ཏུ་འཛིན་པའི་ཕྱིར་སྟེར་བར་བྱའོ་ཞེས་སྨྲས་སོ། ཁྱེད་མི་བརྒྱུད་ཀྱི་ནང་ནས་སོ་སོར་བཞག་པ་ནི་ང་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་ནོ། ༢༥ དེ་བས་ན་ཁྱེད་ཀྱིས་དུད་འགྲོ་གཙང་བ་ཡིན་པ་དང་གཙང་བ་མ་ཡིན་པ་རྣམས་དང་། བྱའི་རིགས་གཙང་བ་མ་ཡིན་པ་དང་གཙང་བ་ཡིན་པ་རྣམས་ཀྱི་དབྱེ་བ་བྱོས་དང་། ངས་ཁྱེད་ལ་འདི་ནི་མི་གཙང་བ་ཡིན་ཞེས་བསྟན་པའི་དུད་འགྲོ་དང་། བྱ་དང་ལྟོ་འགྲོ་གང་ཡིན་པའི་རྐྱེན་གྱིས་འབག་པར་མ་གྱུར་ཅིག ༢༦ ཡང་ང་ཡ་ཧོ་ཝཱ་ནི་དམ་པ་ཡིན་པའི་ཕྱིར་ཁྱེད་ཀྱང་ངའི་ཕྱིར་དམ་པ་ཡིན་པར་དགོས་སོ། ཁྱོད་ཅག་ངའི་འབངས་ཡིན་པའི་ཕྱིར་མི་སྡེ་རྣམས་ལས་སོ་སོར་བཞག་གོ།
༢༧ ཡང་འགོང་ཞུགས་དང་ལྟས་སྟོན་པའི་མཐུ་དང་ལྡན་པའི་སྐྱེས་པའམ་བུད་མེད་གང་ཡང་རྡོ་རུབ་ལ་བཏང་སྟེ་གསོད་པར་དགོས་སོ། དེ་དག་གི་སྲོག་སྡིག་ནི་དེ་དག་རང་གི་ཁར་ལུས་པར་འགྱུར་ཞེས་བཀའ་གནང་ངོ་༎