༢༡
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། བླ་མ་རྣམས་སམ། ཨ་རོན་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག མི་སུས་ཀྱང་རང་གི་མི་སྡེའི་ནང་ན་གཤིན་པོ་ཞིག་གི་ཕྱིར་དུ་རང་མི་གཙང་བར་བྱེད་དུ་མི་རུང་གི། ༢ རང་དང་གཉེན་ཉེ་བ་ཞེ་ན་མ་དང་། ཕ་དང་། བུ་དང་། བུ་མོ་དང་། ནུ་བོ་དང་། ༣ སྲིང་མོ་ནི་གལ་ཏེ་བུ་མོ་ན་ཆུང་ཡིན་ཞིང་རང་དང་མཉམ་དུ་ཡོད་པ་དང་། ཁྱོ་ད་དུང་མ་ཤེས་ན། དེ་དག་གི་ཕྱིར་མི་གཙང་བར་འགྱུར་བས་ཆོག་གོ། ༤ ཡང་མི་དེ་ནི་རང་གི་མི་སྡེའི་ནང་ན་ཁྱིམ་བདག་ཡིན་པས་གྲིབ་ཅན་མི་འགྱུར་བའི་ཕྱིར་རང་མི་གཙང་བར་བྱེད་པར་མི་རུང་ངོ་། ༥ ཡང་དེ་དག་གི་མགོ་སྤྱི་ཐེར་འབྲེག་པ་དང་། ཁ་སྤུའི་མཐའ་མ་འབྲེག་པ་དང་། ལུས་ཀྱི་ཤ་ལ་རི་མོ་ཞིག་བྱེད་པར་མི་རུང་ངོ་། ༦ དེ་དག་རང་གི་དཀོན་མཆོག་གི་ཕྱིར་དམ་པ་ཡིན་ཏེ། དེ་དག་གི་དཀོན་མཆོག་གི་མཚན་གྲིབ་ཅན་བྱེད་དུ་མི་རུང་ངོ་། གང་ལ་ཟེར་ན། ཡ་ཧོ་ཝཱའི་ཕྱིར་སྦྱིན་སྲེག་རྣམས། དཀོན་མཆོག་གི་ཞལ་ཟས་རྣམས་འབུལ་བའི་ཕྱིར་དེ་དག་དམ་པ་ཡིན་པར་དགོས་པའི་ཕྱིར་རོ། ༧ སྨད་འཚོང་མ་དང་བུ་མོ་མི་ཚངས་པར་གྱུར་པ་ཞིག་བག་མར་ལེན་པའམ། ཁྱོ་དང་ཕྲལ་བའི་བུད་མེད་ཅིག་དེ་དག་གིས་ལེན་པའི་མི་རིགས། དེ་ནི་དཀོན་མཆོག་གི་ཕྱིར་དམ་པ་ཡིན་པའི་ཕྱིར་རོ། ༨ མི་དེ་ཁྱོད་ཀྱི་ཕྱིར་དམ་པ་ཡིན་པར་དགོས། ཁྱོད་ཀྱི་དཀོན་མཆོག་གི་ཞལ་ཟས་འབུལ་བའི་ཕྱིར་དམ་པ་རྩི་བར་དགོས་སོ། ཅིའི་ཕྱིར་ཞེ་ན། ང་ནི་ཡ་ཧོ་ཝཱ་ཡིན་པས། ཁྱོད་རྣམས་དམ་པར་བྱེད་ཅིང་རང་དམ་པ་ཡིན་པའི་ཕྱིར་རོ། ༩ ཡང་བླ་མ་ཞིག་གི་བུ་མོས་གལ་ཏེ་ལོག་གཡེམ་བྱེད་པར་རྩོམ་ན། ཕ་མི་གཙང་བར་བྱེད་པས་མོ་མེས་སྲེག་པར་དགོས་སོ༎༡༠ ཡང་རང་གི་སྤུན་རྣམས་ཀྱི་ཁྲོད་ནས་བླ་མ་ཆེན་པོ་བྱེད་པའི་དོན་དུ་དབུ་ལ་བྱུགས་པ་བླུགས་པ་དང་ན་བཟའ་གསོལ་བའི་ཕྱིར་དབང་བསྐུར་བ་དེས་རང་གི་དབུ་མི་འགེབས་པ་དང་། གོས་འདྲལ་བ་དང་། ༡༡ གཤིན་པོ་ཞིག་གི་རོའི་དྲུང་དུ་འོང་བར་མི་རུང་སྟེ། ཕ་མའི་ཕྱིར་མི་གཙང་བར་འགྱུར་བར་ཡང་མི་རུང་ངོ་། ༡༢ མཆོད་ཁང་ནས་འཐོན་པ་དང་རང་གི་དཀོན་མཆོག་གི་མཆོད་ཁང་གྲིབ་ཅན་བྱེད་པར་མི་རུང་ངོ་། ཅིའི་ཕྱིར་ཞེ་ན། རང་གི་དཀོན་མཆོག་གི་བྱུགས་པས་དབང་སྐུར་དེ་ལ་ཡོད་པའི་ཕྱིར་རོ། ང་ནི་ཡ་ཧོ་ཝཱ་ཡིན་ནོ། ༡༣ ཁྱོ་མི་ཤེས་པའི་བུད་མེད་ཅིག་བག་མར་ལེན་པར་དགོས་སོ། ༡༤ མོ་རང་མོ་དང་ཁྱོས་ཕྲལ་བ་དང་། མི་ཚངས་པར་གྱུར་བ་དང་། སྨད་འཚོང་མ་དེས་མི་བླང་བར་རང་གི་མི་སྡེ་ལས་ཁྱོ་མི་ཤེས་པའི་བུ་མོ་ཞིག་བག་མར་ལེན་པར་དགོས། ༡༥ རང་གི་མི་སྡེའི་ཁྲོད་དུ་རང་གི་བུ་བརྒྱུད་གྲིབ་ཅན་བྱེད་པར་མི་རུང་ངོ་། ང་ནི་ཡ་ཧོ་ཝཱ་ཡིན་ཏེ་མི་དེ་དམ་པར་བྱེད་མཁན་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ༎
༡༦ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ༡༧ ཨ་རོན་ལ་འདི་སྐད་ཅེས་སྨྲོས་ཤིག ཁྱོད་ཀྱི་ས་བོན་ལས་རྗེས་སུ་འོང་བའི་རིགས་བརྒྱུད་རྣམས་ནས་ལུས་ཀྱི་སྐྱོན་དང་ལྡན་པའི་མི་སུ་ཡང་དཀོན་མཆོག་གི་ཞལ་ཟས་འབུལ་དུ་ཚུར་འོང་བར་མི་རུང་ངོ་། ༡༨ མི་སུ་ཡང་སྐྱོན་དང་ལྡན་པ་ཞེ་ན། ལོང་བའམ། ཞ་བོའམ། སྣ་སྐྱོན་ཅན་ནམ། ཡན་ལག་ཐེབ་ཡོད་པའམ། ༡༩ རྐང་པའམ་ལག་པ་ཆག་པ་དང་ལྡན་པའམ། ༢༠ དགུར་པོའམ། མིའུའམ། མིག་མཛེར་ཅན་ནམ། རྔོའམ་ཤུ་བའམ། འབྲས་བུ་སྣད་པོ་ཅན་ཚུར་འོང་བར་མི་རུང་ངོ་། ༢༡ བླ་མ་ཨ་རོན་གྱི་མི་བརྒྱུད་ནས་མི་ལུས་སྐྱོན་ཅན་སུ་ཡང་ཡ་ཧོ་ཝཱའི་སྦྱིན་སྲེག་འབུལ་དུ་ཚུར་འོང་བར་མི་རུང་ངོ་། ལུས་སྐྱོན་ཅན་ཡིན་པས་རང་གི་དཀོན་མཆོག་གི་ཞལ་ཟས་འབུལ་དུ་ཚུར་འོང་བར་མི་རུང་ངོ་། ༢༢ དཀོན་མཆོག་གི་ཞལ་ཟས་དམ་པའི་དམ་པ་དང་། དམ་པའི་གནས་ལས་ཟ་བར་རུང་གི། ༢༣ ལུས་སྐྱོན་ཅན་ཡིན་པས་སྒོ་ཡོལ་གྱི་དྲུང་དུ་འོང་བ་དང་མཆོད་ཁྲི་དང་ཉེ་བར་འོང་བ་འབའ་ཞིག་ཏུ་མི་རུང་ངོ་། ཇི་སྟེ་འོང་ན་ངའི་མཆོད་རྫས་རྣམས་མི་གཙང་བར་བྱའོ། ང་ནི་ཡ་ཧོ་ཝཱ་ཡིན་ཏེ་དེ་དག་དམ་པར་བྱེད་མཁན་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ༎
༢༤ མོ་ཤེས་ཨ་རོན་དང་། དེའི་བུ་རྣམས་དང་། ཨིས་ར་ཨེལ་གྱི་བུ་ཐམས་ཅད་ལ་དེ་སྨྲས་སོ༎