༤༠
ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་བཀའ་གནང་བ། ༢ ཁྱོད་ཟླ་བ་དང་པོའི་ཚེས་དང་པོ་ལ་བཞུགས་གནས་ཀྱི་འདུན་མའི་གུར་མཆོག་སྒྲེང་བར་དགོས། ༣ དེའི་ནང་དུ་དཔང་པོའི་སྒྲོམ་བཞག་ནས། སྒྲོམ་དེའི་མདུན་དུ་ཡོལ་བ་འཕྱང་བར་བྱོས་ཤིག ༤ གསོལ་ལྕོག་ནང་དུ་བཞག་ནས། དེའི་ཁར་རྫས་གང་དགོས་པ་རྣམས་གྲལ་དུ་ཞོག་ཅིག མར་མེའི་སྟེགས་བུ་ནང་དུ་ཁྱེར་ཏེ། དེའི་སྒྲོན་མ་རྣམས་སྒྲིག་ཅིག ༥ གསེར་གྱི་མཆོད་ཁྲི་ལ་བདུག་སྤོས་བདུག་པའི་ཕྱིར་དེ་ཁྱོད་དཔང་པོའི་སྒྲོམ་གྱི་མདུན་དུ་ཞོག་ལ། བཞུགས་གནས་ཀྱི་སྒོ་རུ་ཡོལ་བ་དེ་ཆུག་ཅིག ༦ འདུན་མའི་གུར་མཆོག་གི་བཞུགས་གནས་ཀྱི་སྒོའི་མདུན་དུ་སྦྱིན་སྲེག་གི་མཆོད་ཁྲི་དེ་ཞོག་ཅིག ༧ འཁྲུད་གཞོང་ནི་འདུན་མའི་གུར་མཆོག་དང་མཆོད་ཁྲིའི་བར་ལ་བཞག་ནས། ནང་དུ་ཆུ་བླུག་ཅིག ༨ ཡང་དེའི་མཐའ་འཁོར་ལ་ཁྱམས་དེ་སྒྲེང་ཞིག་དང་། ཁྱམས་དེའི་སྒོ་ཆེན་པོའི་སྒོའི་ཡོལ་བ་དེ་འཕྱང་བར་བྱོས་ཤིག ༩ དེ་ནས་ཁྱོད་ཀྱིས་བྱུགས་སྤོས་བློང་ལ་བཞུགས་གནས་དང་དེའི་ནང་ན་ཡོད་པའི་མཆོད་རྫས་ཐམས་ཅད་ལ་བྱུགས་སྤོས་ཀྱིས་བྱུགས་ཤིང་། དེ་དང་དེའི་ཡོ་བྱད་ཐམས་ཅད་དམ་པར་བྱོས་ཤིག དེ་ནི་དམ་པར་བྱོས་ཤིག ༡༠ སྦྱིན་སྲེག་ནི་མཆོད་ཁྲི་དང་དེའི་ཡོ་བྱད་རྣམས་བྱུགས་སྤོས་ཀྱིས་བྱུགས་ལ་མཆོད་ཁྲི་དམ་པར་བྱོས་ཤིག མཆོད་ཁྲི་དེ་ཀུན་ལས་དམ་པ་ཡོད་པར་བྱའོ། ༡༡ ཁྱོད་འཁྲུད་གཞོང་དང་དེའི་ཞབས་ར་ལ་ཡང་བྱུགས་སྤོས་ཀྱིས་བྱུགས་ཏེ་དམ་པར་བྱོས་ཤིག ༡༢ ཁྱོད་ཀྱིས་ཨ་རོན་དང་དེའི་བུ་རྣམས་འདུན་མའི་གུར་མཆོག་གི་སྒོའི་དྲུང་དུ་ཁྲིད་ནས། ཁོ་རྣམས་ཆུས་འཁྲུད་དགོས། ༡༣ ཁྱོད་ཀྱིས་ཨ་རོན་ལ་ན་བཟའ་དམ་པ་རྣམས་སྐོན་ནས། ང་ལ་བླ་མའི་ཞབས་འདེགས་བྱེད་པའི་ཕྱིར་དེ་ལ་བྱུགས་སྤོས་ཀྱིས་བྱུགས་ཏེ། དེ་དམ་པར་བྱོས་ཤིག ༡༤ དེའི་བུ་རྣམས་ཀྱང་དྲུང་དུ་ཁྲིད་ལ་ཨང་ཐུང་རྣམས་དེ་དག་ལ་སྐོན་ཅིག ༡༥ དེ་དག་གི་ཕ་ལ་བྱུགས་སྤོས་ཀྱིས་བྱུགས་པ་ལྟར་དེ་དག་ང་ལ་བླ་མའི་ཞབས་འདེགས་བྱེད་པའི་ཕྱིར་བྱུགས་སྤོས་ཀྱིས་བྱུགས་ཤིག དེ་དག་གི་བྱུགས་པ་དེ་ནི་དེ་དག་ལ་བུ་བརྒྱུད་རྗེས་སུ་འབྱུང་བ་རྣམས་ཀྱི་བར་དུ་བླ་མའི་ལས་ཚན་རྒྱུན་ཆད་མེད་པ་ཞིག་ཡོད་པར་དགོས་སོ་ཞེས་བཀའ་གནང་ངོ་༎༡༦ མོ་ཤེས་དེ་བཞིན་དུ་བྱས་ཤིང་། ཡ་ཧོ་ཝཱས་ཅི་དང་ཅི་བཀའ་གནང་བ་བཞིན་དུ་ཐམས་ཅད་བསྒྲུབས་སོ། ༡༧ དེ་ལྟར་ལོ་གཉིས་པའི་ཟླ་བ་དང་པོའི་ཚེས་དང་པོ་ལ་བཞུགས་གནས་དེ་བསྒྲེངས་སོ། ༡༨ མོ་ཤེས་བཞུགས་གནས་བསྒྲེངས་ཏེ་དེའི་ཞབས་གདན་རྣམས་བསྒྲིགས། སྤང་ལེབ་རྣམས་བསླངས། རྒྱབ་ལག་རྣམས་བཅུག ཀ་བ་རྣམས་ཀྱང་བསྒྲེངས་སོ། ༡༩ བཞུགས་གནས་ཀྱི་གུར་མཆོག་ཕུབ་ནས། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་གུར་གྱི་ཐོག་ཡོལ་ཡང་བཏིང་ངོ་། ༢༠ དེ་ནས་དཔང་པོ་དེ་བླངས་ནས་སྒྲོམ་དུ་བཞག གདང་བུ་རྣམས་སྒྲོམ་ལ་བཅུག ཐུགས་རྗེའི་བཞུགས་ཁྲི་དེ་སྒྲོམ་གྱི་སྟེང་དུ་བཞག་གོ། ༢༡ ཡང་སྒྲོམ་བཞུགས་གནས་སུ་ཁྱེར་ནས། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་དཔང་པོའི་སྒྲོམ་མི་མཐོང་བའི་ཕྱིར་དེའི་མདུན་དུ་ཡོལ་བ་འཕྱང་བར་བྱས་སོ། ༢༢ གསོལ་ལྕོག་དེ་འདུན་མའི་གུར་མཆོག་གི་ནང་དུ་བཞུགས་གནས་ཀྱི་ལོགས་གཅིག་ལ་བྱང་ཕྱོགས་སུ་ཡོལ་བའི་ཕྱི་རོལ་དུ་བཞག་པ་དང་། ༢༣ ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་དེའི་ཁར་ཡ་ཧོ་ཝཱའི་སྤྱན་གཟིགས་ཀྱི་བག་ལེབ་གྲལ་དུ་བཞག་གོ། ༢༤ དེ་ནས་མར་མེའི་སྟེགས་བུ་འདུན་མའི་གུར་མཆོག་གི་ནང་དུ་གསོལ་ལྕོག་གི་ཐད་དུ་ལྷོ་ཕྱོགས་སུ་བཞག་གོ། ༢༥ ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་ཁོས་དེའི་ཁར་ཡ་ཧོ་ཝཱའི་ཞལ་ངོར་མར་མེ་རྣམས་བཞག་གོ། ༢༦ མདུན་མའི་གུར་མཆོག་གི་ནང་དུ་ཡོལ་བའི་མདུན་དུ་གསེར་གྱི་མཆོད་ཁྲི་དེ་བཞག་ནས། ༢༧ ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་དེའི་ཁར་དྲི་ཞིམ་གྱི་བདུག་སྤོས་བདུགས་སོ། ༢༨ དེས་བཞུགས་གནས་ཀྱི་སྒོ་ཡོལ་དེ་ཡང་འཕྱང་བར་བྱས་སོ། ༢༩ འདུན་མའི་གུར་མཆོག་གི་བཞུགས་གནས་ཀྱི་སྒོའི་མདུན་དུ་ཁོས་སྦྱིན་སྲེག་གི་མཆོད་ཁྲི་དེ་བཞག་ནས། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་དེའི་ཁར་སྦྱིན་སྲེག་དང་ཞལ་ཟས་རྣམས་མཆོད་པར་ཕུལ་ལོ། ༣༠ ཡང་འདུན་མའི་གུར་མཆོག་དང་མཆོད་ཁྲིའི་བར་ལ་དེས་གཞོང་པ་བཞག་ནས། འཁྲུད་པའི་ཕྱིར་ཆུ་དེའི་ནང་དུ་བླུགས་སོ། ༣༡ གཞོང་པ་དེ་ལས་མོ་ཤེ་དང་ཨ་རོན་དང་དེའི་བུ་རྣམས་ཀྱིས་རང་གི་ལག་པ་དང་རྐང་པ་རྣམས་ཁྲུས་སོ། ༣༢ ཅི་ལ་ཞེ་ན། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་དེ་དག་འདུན་མའི་གུར་མཆོག་གི་ནང་དུ་ཞུགས་ནས། མཆོད་ཁྲིའི་དྲུང་དུ་འབྱུང་སྐབས་སུ་འཁྲུད་དགོས་པའི་ཕྱིར་རོ། ༣༣ དེ་ནས་བཞུགས་གནས་དང་མཆོད་ཁྲིའི་ཕྱོགས་བཞི་ནས་སྐོར་བའི་ཁྱམས་དེ་བསྒྲེངས་ནས། ཁྱམས་ཀྱི་སྒོ་ཆེན་པོའི་ཡོལ་བ་དེ་འཕྱང་བར་བྱས་སོ། དེ་ལྟར་མོ་ཤེས་ལས་ཀ་དེ་བསྒྲུབས་སོ༎
༣༤ དེའི་ཚེ་སྤྲིན་པའི་ཀ་བ་ནི་འདུན་མའི་གུར་མཆོག་གཡོགས་པ་དང་། ཡ་ཧོ་ཝཱའི་གཟི་བརྗིད་དེས་བཞུགས་གནས་ཁྱབ་བོ། ༣༥ མོ་ཤེ་འདུན་མའི་གུར་མཆོག་ཏུ་འཇུག་མ་ནུས་སོ། གང་ལ་ཟེར་ན། དེའི་སྟེང་ལ་སྤྲིན་པའི་ཀ་བ་གནས་ཤིང་ཡ་ཧོ་ཝཱའི་གཟི་བརྗིད་ནི་བཞུགས་གནས་བཀང་ཡོད་པའི་ཕྱིར་རོ། ༣༦ སྤྲིན་གྱི་ཀ་བ་ནི་བཞུགས་གནས་ནས་ནམ་བཞེངས་པའི་ཚེ། ཨིས་ར་ཨེལ་གྱི་བུ་རྣམས་རང་གི་ལམ་ཐམས་ཅད་དུ་ཆས་སོ། ༣༧ འོན་ཀྱང་སྤྲིན་གྱི་ཀ་བ་མ་བཞེངས་ན། དེ་མ་བཞེངས་པའི་ཞག་གི་བར་དུ་དེ་དག་མ་ཆས་སོ། ༣༨ ཅི་ལ་ཞེ་ན། ཨིས་ར་ཨེལ་གྱི་ཁྱིམ་ཚང་མའི་མཐོང་ངོར་དེ་དག་གི་ལམ་ཀུན་ལ་ཡ་ཧོ་ཝཱའི་སྤྲིན་གྱི་ཀ་བ་ཉིན་མོའི་དུས་སུ་བཞུགས་གནས་ཀྱི་སྟེང་དུ་གནས་ཏེ། མཚན་མོའི་དུས་སུ་དེའི་ངང་ན་མེ་ཞིག་ཡོད་པའི་ཕྱིར་རོ༎ ༎