༣༩
མཆོད་ཁང་ལ་ཞབས་འདེགས་བྱེད་པའི་ཕྱིར་དེ་དག་གིས་བཀད་སྲུལ་བའི་འཐག་བཟོའི་གོས་རྣམས་བྱས། དེའི་རྒྱུ་ནི་རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་ཡིན་ཏེ། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་གོས་དམ་པ་རྣམས་ཨ་རོན་གྱི་ཕྱིར་བཟོ་བར་བྱས་སོ༎
 ཨེ་ཕོད་ཀྱི་རྒྱུ་ནི་གསེར་དང་རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་དང་ཀ་ཤི་ཀ་བསྒྲིམས་པའོ།  དེ་དག་གིས་གསེར་ནི་གསེར་ཤོག་སྲབ་མོ་བརྡུངས་ནས་དྲས་ཏེ་སྐུད་པ་བྱས་ནས། རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་དང་ཀ་ཤི་ཀ་དང་བསྲེས་ཤིང་བཀད་སྲུལ་བའི་འཐག་བཟོའི་ལུགས་ལ་བཏགས་སོ།  དེའི་ཕྱིར་དཔུང་པའི་རྣམ་པ་བཟོས་ནས། མདུན་ལོགས་རྒྱབ་ལོགས་གཉིས་གཅིག་དང་གཅིག་སྦྲེལ་བར་བྱས། གཉིས་ཀྱི་གཞུག་ལ་སྦྲེལ་བར་བྱས་སོ།  དེ་དང་འབྲེལ་བའི་སྐུ་རགས་ནི་དེ་རང་གི་རྒྱུ་དང་དེ་རང་གི་འཐག་བཟོ་ཡིན་ཏེ། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་གསེར་དང་རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་དང་ཀ་ཤི་ཀ་བསྒྲིམས་པ་ནས་བྱས་སོ༎
 ཡང་དེ་དག་གིས་མཆོང་རྣམས་ལ། བཟོ་བཏོན་ཏེ་གསེར་གྱི་ཕྲ་ཁུང་ནང་བཅུག་ནས། ཐེའུ་ལ་རྐོ་བའི་ལུགས་ལ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མིང་རྣམས་དེ་ལ་བརྐོས་སོ།  རྡོ་དེ་རྣམས་ཨེ་ཕོད་ཀྱི་དཔུང་པའི་རྣམ་པ་གཉིས་སུ་བཅུག་ཅིང་། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དྲན་རྟེན་དུ་རྡོ་དེ་རྣམས་འགྱུར་བའི་ཕྱིར་རོ༎
 དེ་ནས་དེས་བྲང་རྒྱན་དེ་བཀད་སྲུལ་བའི་འཐག་བཟོ་ནི་ཨེ་ཕོད་ཀྱི་བཟོ་ཚུལ་དང་འདྲ་བར་རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་དང་ཀ་ཤི་ཀ་བསྒྲིམས་པ་ལས་བཟོས་སོ།  བྲང་རྒྱན་དེ་ཁ་གང་དང་ཉིས་ལྟབ་བྱས། དེའི་རིང་ནི་མཐོ་གང་། ཞེང་ནི་ཡང་མཐོ་གང་དང་གཉིས་ལྟབ་བོ། ༡༠ དེ་ལ་རྡོ་རྣམས་གྲལ་བཞི་ནང་སྦྱར། གྲལ་དང་པོ་ལ་ཅནྡྲ་ཁནྟ་དང་ཕུག་རྫ་དང་། མ་རྒད་དང་གསུམ། ༡༡ གྲལ་གཉིས་པ་ལ་པདྨ་ར་ག་དང་། ཨིནྡྲ་ནཱི་ལ་དང་རྡོ་རྗེ་ཕ་ལམ་དང་གསུམ། ༡༢ གྲལ་གསུམ་པ་ལ་བེ་དུ་རཱ་དང་གཟི་དང་བིནྲ་གན་ཨི་དང་གསུམ། ༡༣ གྲལ་བཞི་པ་ལ་སུན་ན་རི་དང་མཆོང་དང་མཆིན་རྡོ་དང་གསུམ་མོ། དེ་དག་གསེར་གྱི་ཕྲ་ཁུང་ནང་བཅུག་གོ། ༡༤ རྡོ་དེ་དག་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མིང་བཞིན་དུ་བཅུ་གཉིས་སོ། ཐེའུ་ལ་ཡི་གེ་རྐོ་བ་ལྟར་རྡོ་རེ་ལ་ཨིས་ར་ཨེལ་གྱི་སྡེ་བཅུ་གཉིས་ཀྱི་མིང་རེ་བརྐོས། ༡༥ བྲང་རྒྱན་དེ་ལ་གསེར་བཙོ་མ་ནས་ལྷས་པའི་ཉག་ཐག་རྣམས་བཟོ་བར་བྱས། ༡༦ གསེར་གྱི་ཀྱུ་ཆུང་གཉིས་དང་གསེར་གྱི་ཨ་ལོང་གཉིས་བཟོས་ནས། ཨ་ལོང་དེ་གཉིས་བྲང་རྒྱན་གྱི་གཞུག་གཉིས་ལ་སྦྱར། ༡༧ གསེར་གྱི་ཉག་ཐག་དེ་གཉིས་བྲང་རྒྱན་གྱི་གཞུག་ལ་ཡོད་པའི་ཨ་ལོང་གཉིས་སུ་བཅུག་གོ། ༡༨ ཉག་ཐག་གཉིས་ཀྱི་གཞུག་གཉིས་ཀྱུ་ཆུང་གཉིས་ལ་བཅུག་ནས་དེ་དག་ཨེ་ཕོད་ཀྱི་དཔུང་པའི་རྣམ་པ་གཉིས་ཀྱི་མདུན་ལོགས་སུ་བཏགས། ༡༩ དེ་དག་ལའང་གསེར་གྱི་ཨ་ལོང་གཉིས་བྱས་ནས་བྲང་རྒྱན་གྱི་གྲུ་ཨེ་ཕོད་ཀྱི་ཕྱོགས་སུ་ལྟ་སྟེ་དེའི་ནང་ལོགས་ལ་གྲུ་གཉིས་ཀ་ལ་བཅུག་གོ། ༢༠ དེ་ནས་ད་རུང་གསེར་གྱི་ཨ་ལོང་གཉིས་བྱས་ནས་ཨེ་ཕོད་ཀྱི་དཔུང་པའི་རྣམ་པ་གཉིས་ཀྱི་མདུན་ལོགས་ཀྱི་འོག་ཏུ་ཨེ་ཕོད་དང་སྐུ་རགས་ཀྱི་འབྲེལ་སའི་ཅུང་ཞིག་གོང་དུ་བཅུག་གོ། ༢༡ བྲང་རྒྱན་གྱི་ཨ་ལོང་རྣམས་དང་ཨེ་ཕོད་ཀྱི་ཨ་ལོང་རྣམས་རྒྱ་སྨུག་གི་སྐུད་པས་སྦྲེལ་བས། ཨེ་ཕོད་ཀྱི་སྐུ་རགས་ཀྱི་གོང་དུ་དམ་དུ་གནས་པ་དང་། བྲང་རྒྱན་ཨེ་ཕོད་ལས་འགྲོལ་མི་ནུས་པའི་ཕྱིར་རོ། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་ནོ༎
༢༢ དེས་ཨེ་ཕོད་ཀྱི་འོག་ལ་སྨད་གཡོག་ནི་རྒྱ་སྨུག་ཁོ་ན་ལས་འཐག་བཟོའི་ཚུལ་དུ་བྱས་སོ། ༢༣ སྨད་གཡོག་དེའི་དཀྱིལ་ན་གོང་བ་གོ་ཁྲབ་ཀྱི་གོང་བ་ལྟ་བུ་ཞིག་ཡིན་ཏེ། མི་འདྲལ་བའི་ཕྱིར་གོང་བ་དེའི་མཐའ་འཁོར་ལ་འདྲིལ་ཞིག་ཡོད་པ་ཡིན། ༢༤ དེ་དག་སྨད་གཡོག་གི་སྣེ་མོ་ལ་རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་བསྒྲིམས་ནས་སེ་འབྲུ་རྣམས་བཟོ་བར་བྱས། ༢༥ གསེར་བཙོ་མ་ནས་དྲིལ་བུ་རྣམས་ཀྱང་བཟོས་ནས། སྨད་གཡོག་གི་སྣེ་མོ་ལ་སེ་འབྲུ་རྣམས་ཀྱི་བར་ལ་དྲིལ་བུ་རྣམས་བཅུག་ཅིང་། མཐའ་འཁོར་ཐམས་ཅད་ལ་སེ་འབྲུ་རྣམས་བར་ལ་བཅུག་གོ། ༢༦ དྲིལ་བུ་གཅིག་དང་སེ་འབྲུ་གཅིག ཡང་དྲིལ་བུ་གཅིག་དང་སེ་འབྲུ་གཅིག་སྨད་གཡོག་གི་སྣེ་མོའི་མཐའ་འཁོར་ལ་ཞབས་འདེབས་དུས་སུ་གོན་པའི་ཕྱིར་བཟོས་སོ། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་ནོ༎
༢༧ ཡང་ཨ་རོན་དང་དེའི་བུ་རྣམས་ལ་ཀ་ཤི་ཀ་ནས་འཐག་བཟོའི་ལས་ཡིན་པའི་ཨང་ཐུང་རྣམས་དང་། ༢༨ དེ་བཞིན་ཡང་ཀ་ཤི་ཀ་ནས་དབུ་ཐོད་དང་། ཀ་ཤི་ཀ་ནས་བླ་མ་རྣམས་ཀྱི་ཕྱིར་རྒྱན་གྱི་དབུ་ཞྭ་མཛེས་པོ་རྣམས་དང་། བསྒྲིམས་པའི་ཀ་ཤི་ཀ་ལས་གོས་ཐུང་རྣམས་བཟོ་བར་བྱས་སོ། ༢༩ སྐུ་རགས་ཀྱང་བསྒྲིམས་པའི་ཀ་ཤི་ཀ་དང་རྒྱ་སྨུག་དང་རྒྱ་ཁ་ནས་བཀད་སྲུལ་བའི་འཐག་བཟོའི་ལས་བཞིན་དུ་བྱས་སོ། དེ་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུའོ། ༣༠ གསེར་བཙོ་མ་ནས་ཅོད་པན་དམ་པའི་བྱང་བུ་བཅོས་ནས། ཐེའུ་ལ་རྐོ་བཟོའི་ཚུལ་དུ་ཡ་ཧོ་ཝཱའི་ཕྱིར་དམ་པའོ་ཞེས་བརྐོས་ནས། ༣༡ དེ་ལ་རྒྱ་སྨུག་གི་སྐུད་པ་བཏགས་ནས་གོང་དུ་དབུ་ཐོད་ལ་སྦྱར་རོ། དེ་ནི་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་ནོ༎
༣༢ དེ་ལྟར་བཞུགས་གནས་སམ་འདུན་མའི་གུར་མཆོག་གི་ཕྱིར་ལས་ཐམས་ཅད་རྫོགས་པ་དང་། ཡ་ཧོ་ཝཱས་མོ་ཤེ་ལ་ཅི་དང་ཅི་བཀའ་གནང་བ་བཞིན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་བྱས་ཏེ། དེ་ཀ་བཞིན་དུ་བྱས་སོ། ༣༣ དེ་ནས་དེ་དག་གིས་མོ་ཤེའི་དྲུང་དུ་བཞུགས་གནས་དང་། གུར་མཆོག་དང་དེའི་ཡོ་བྱད་ཐམས་ཅད་འཁྱེར་ཡོངས་སོ། དེའི་ཀྱུ་ཆུང་རྣམས་དང་། སྤང་ལེབ་དང་རྒྱབ་ལག་དང་། ཀ་བ་དང་དེའི་ཞབས་གདན་དང་། ༣༤ ལུག་ཐུག་གི་པགས་པ་རྒྱ་ཚོས་བརྒྱབས་པའི་ཐོག་ཡོལ་དང་། སྲམ་གྱི་པགས་པའི་གཡོག་ཡོལ་དང་། སྒོ་ཡོལ་དང་། ༣༥ དཔང་པོའི་སྒྲོམ་དང་དེའི་གདང་བུ་རྣམས་དང་། ཐུགས་རྗེའི་ཁྲི་དང་། ༣༦ གསོལ་ལྕོག་དང་དེའི་ཡོ་བྱད་ཐམས་ཅད་དང་སྤྱན་གཟིགས་ཀྱི་བག་ལེབ་དང་། ༣༧ མར་མེའི་སྟེགས་བུ་ལེགས་པོ་དང་དེའི་སྒྲོན་མ་དང་། དེ་ལ་གྲལ་དུ་སྒྲིག་པའི་སྒྲོན་མེ་རྣམས་དང་དེའི་ཡོ་བྱད་ཐམས་ཅད་དང་། མར་མེའི་ཕྱིར་མར་ཁུ་དང་། ༣༨ གསེར་གྱི་མཆོད་ཁྲི་དང་། བྱུགས་སྤོས་དང་དྲི་ཞིམ་གྱི་བདུག་སྤོས་དང་། གུར་མཆོག་གི་སྒོ་ཡོལ་དང་། ༣༩ རག་གི་མཆོད་ཁྲི་དང་། དེའི་རག་གི་ཡིན་པའི་དྲ་མིག་དང་དེའི་གདང་བུ་རྣམས་དང་དེའི་སྣོད་ཐམས་ཅད་དང་། འཁྲུད་གཞོང་དང་དེའི་སྟེགས་དང་། ༤༠ ཁྱམས་ཀྱི་ཡོལ་བ་རྣམས་དང་དེའི་ཀ་བ་དང་ཞབས་གདན་དང་། ཁྱམས་ཀྱི་སྒོ་ཆེན་པོའི་ཡོལ་བ་དང་དེའི་ཐག་པ་དང་ཕུར་པ་དང་། འདུན་མའི་གུར་མཆོག་གི་ཕྱིར་བཞུགས་གནས་ལ་ཞབས་འདེགས་བྱེད་དུ་ཡོ་བྱད་ཐམས་ཅད་དང་། ༤༡ བཞུགས་གནས་ལ་ཞབས་འདེགས་བྱེད་དུ་གོས་རྣམས་དང་། བླ་མ་ཨ་རོན་གྱི་ན་བཟའ་དམ་པ་རྣམས་དང་། དེའི་བུ་བླ་མའི་ལས་བྱེད་པ་རྣམས་ཀྱི་ཕྱིར་གོས་རྣམས་སོ། ༤༢ ཡ་ཧོ་ཝཱས་མོ་ཤེ་ལ་ཅི་དང་ཅི་བཀའ་གནང་བ་བཞིན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ལས་ཀ་དེ་ཐམས་ཅད་བསྒྲུབས་སོ། ༤༣ དེ་ནས་མོ་ཤེས་ལས་དེ་ཐམས་ཅད་ལ་བལྟས་ནས། ལྟོས་ཤིག ལས་བསྒྲུབས་ཏེ། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་དེ་བསྒྲུབས་སོ། དེར་མོ་ཤེས་དེ་དག་ལ་བྱིན་གྱིས་བརླབས་སོ༎