༣༨
དེས་སྦྱིན་སྲེག་གི་མཆོད་ཁྲི་ཤིད་ཏིམ་ཤིང་ནས་བཟོ་པ་དེའི་རིང་ཁྲུ་ལྔ། ཞེང་ཁྲུ་ལྔ་སྟེ་ཁ་གང་མའོ། མཐོ་ཁྱད་ཁྲུ་གསུམ་མོ།  དེའི་གྲུ་བཞི་ལ་རུ་བ་བཞི་བཟོས་ནས། རུ་བ་དེ་དག་མཆོད་ཁྲི་ལས་ཐོན། དེ་ནི་ར་གན་གྱིས་གཡོགས་སོ།  ཡང་མཆོད་ཁྲིའི་ཡོ་བྱད་ཐམས་ཅད་ཟེར་ན། གཞོང་པ་དང་། མེ་ཁྱེམ་དང་། ཏིང་དང་། ལྕགས་མདའ་དང་། མེ་ཕོར་དང་། སྣོད་དེ་ཐམས་ཅད་ར་གན་ནས་བྱས་སོ།  མཆོད་ཁྲིའི་ཕྱིར་ཁོས་རག་ནས་དྲ་མིག་གི་ཁྲ་མ་ཞིག་མུ་ཁྱུད་ཀྱི་འོག་ན་མཐིལ་ནས་བཟུང་སྟེ་མཐོ་ཁྱད་ཀྱི་ཕྱེད་ཙམ་དུ་སླེབས་པ་བྱས་སོ།  ཡང་རག་གི་ཁྲ་མ་དེའི་མཐའ་བཞིའི་ཕྱིར་ཁོས་ཨ་ལོང་བཞི་བླུགས་པ་དེ་ནི་གདང་བུ་གཉིས་འཛིན་པའི་ཕྱིར་རོ།  གདང་བུ་གཉིས་དེ་ཤིད་ཏིམ་ཤིང་ནས་བྱས་ནས་རག་གིས་གཡོགས་སོ།  གདང་བུ་དེ་གཉིས་ཀྱིས་མཆོད་ཁྲི་འཁུར་བའི་ཕྱིར་དེའི་ལོགས་ལ་ཡོད་པའི་ཨ་ལོང་རྣམས་སུ་དེ་དག་བཅུག་གོ། དེ་ནི་སྤང་ལེབ་ཁོག་སྟོང་རྣམས་ལས་བྱས་སོ༎
 ཡང་ར་གན་གྱི་གཞོང་པ་དང་དེའི་ར་གན་གྱི་ཞབས་ར་ནི་ཁོས་འདུན་མའི་གུར་མཆོག་གི་སྒོའི་མདུན་དུ་གཡོག་བྱེད་པའི་བུད་མེད་རྣམས་ཀྱི་མེ་ལོང་རྣམས་ནས་བཟོ་བར་བྱས་སོ༎
 དེ་ནས་ཁོས་ཁྱམས་དེ་བྱས་སོ། ལྷོ་ཕྱོགས་ལ་ཁྱམས་ཀྱི་ཡོལ་བ་རྣམས་ཀ་ཤི་ཀ་བསྒྲིམས་པ་དེའི་རིང་ནི་ཁྲུ་བརྒྱ། ༡༠ དེའི་ཀ་བ་ཉི་ཤུ་དང་ཞབས་གདན་ཉི་ཤུ་ར་གན་ནས་བྱས། ཀ་བའི་ཀྱུ་རྣམས་དང་མདའ་རྣམས་དངུལ་ནས་བཟོས་སོ། ༡༡ དེ་བཞིན་དུ་བྱང་ཕྱོགས་ལ་ཡང་རིང་ཁྲུ་བརྒྱ། དེའི་ཀ་བ་ཉི་ཤུ་དང་དེ་དག་གི་ཞབས་གདན་ཉི་ཤུ་ར་གན་ནས་བྱས་ཏེ། ཀ་བའི་ཀྱུ་རྣམས་དང་མདའ་རྣམས་དངུལ་ནས་བཟོས་སོ། ༡༢ ནུབ་ཕྱོགས་ལ་ཁྲུ་ལྔ་བཅུ། དེའི་ཀ་བ་བཅུ་དང་ཞབས་གདན་བཅུ། ཀ་བའི་ཀྱུ་རྣམས་དང་མདའ་རྣམས་དངུལ་ནས་བྱས་སོ། ༡༣ ཤར་ཕྱོགས་ལ་ཁྲུ་ལྔ་བཅུ། ༡༤ སྒོ་ཆེན་པོའི་ལོགས་གཅིག་ལ་ཡོལ་བ་ཁྲུ་བཅོ་ལྔ། དེའི་ཀ་བ་གསུམ། ཞབས་གདན་གསུམ། ༡༥ དེ་བཞིན་དུ་སྒོ་ཆེན་པོའི་ལོགས་གཞན་དེ་ལ་ཡང་བྱས་སོ། ཁྱམས་ཀྱི་སྒོ་ཆེན་པོའི་ལོགས་རེ་ལ་ཁྲུ་བཅོ་ལྔ། ཀ་བ་གསུམ། ཞབས་གདན་གསུམ་མོ། ༡༦ ཁྱམས་ཀྱི་ཡོལ་བ་ཀུན་ཕྱོགས་བཞི་ལ་ཀ་ཤི་ཀ་བསྒྲིམས་པ་ནས་ཡོད་དོ། ༡༧ ཀ་བ་རྣམས་ཀྱི་ཞབས་གདན་རྣམས་རག་དང་། ཀྱུ་རྣམས་དང་མདའ་རྣམས་དངུལ་དང་། ཀ་བའི་མགོ་རྣམས་དངུལ་གྱིས་གཡོགས། ཁྱམས་ཀྱི་ཀ་བ་ཐམས་ཅད་ཀྱི་མདའ་རྣམས་དངུལ་ནས་བྱས་ཡོད། ༡༨ ཁྱམས་ཀྱི་སྒོ་ཆེན་པོའི་ཡོལ་བ་དེའི་རྒྱུ་ནི་རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་དང་ཀ་ཤི་ཀ་བསྒྲིམས་པ་ཚོས་སྣ་སྤེལ་བའི་འཐག་བཟོའི་ལུགས་ལ་ལ་བྱས། དེའི་རིང་ནི་ཁྲུ་ཉི་ཤུ། ཐམས་ཅད་ཀྱི་ཞེང་ཁྲུ་ལྔ། མཐོ་ཁྱད་ཁྱམས་ཀྱི་ཡོལ་བ་རྣམས་དང་འདྲའོ། ༡༩ ཀ་བ་བཞི་དང་ཞབས་གདན་བཞི་ར་གན། ཀྱུ་རྣམས་དངུལ། ཀ་གཞུ་རྣམས་དངུལ་གྱིས་གཡོགས། མདའ་རྣམས་དངུལ་ནས་བཟོས་པ་ཡིན། ༢༠ བཞུགས་གནས་དང་ཕྱོགས་བཞི་ལ་སྐོར་བའི་ཁྱམས་ཀྱི་ཕུར་པ་ཐམས་ཅད་ར་གན་ནས་ཡིན་ནོ༎
༢༡ མོ་ཤེས་བཀའ་གནང་བ་བཞིན་དུ་ལེ་ཝི་པ་རྣམས་ཀྱི་ཞབས་འདེགས་དང་བླ་མ་ཨ་རོན་གྱི་བུ་ཨི་ཐ་མར་གྱི་ལག་པས་རྩིས་བྱས་པའི་བཞུགས་གནས་སམ། དཔང་པོའི་བཞུགས་གནས་ཀྱི་རྫས་རྣམས་ཀྱི་རྩིས་ནི་འདི་ལྟར་རོ། ༢༢ ཡ་ཧོ་ཝཱས་མོ་ཤེ་ལ་ཅི་དང་ཅི་བཀའ་གནང་བ་སྒྲུབ་པ་ལ་ཡུ་དཱའི་སྡེ་ལས་ཧུར་གྱི་བུ་ཨུ་རི་དེའི་བུ་བེ་ཚ་ལེ་ཨེལ་དང་། ༢༣ དེའི་ལས་གྲོགས་དཱན་གྱི་སྡེ་ལས་ཨ་ཧི་ས་མག་གི་བུ་ཨོ་ཧོ་ལི་ཨབ་གཉིས་ནི་རྡོ་དང་ཤིང་བཟོ་དང་། རྒྱ་སྨུག་དང་རྒྱ་ཁ་དང་མཚལ་ཁ་དང་ཀ་ཤི་ཀ་བཀད་སྲུལ་བའི་འཐག་བཟོ་དང་། ཚོས་སྣ་སྤེལ་བའི་འཐག་བཟོ་ལ་མཁས་པ་ཡོད་པ་ཡིན་ནོ༎
༢༤ གཙང་ཁང་གི་ཞབས་འདེགས་སྣ་ཚོགས་བྱས་པའི་ལས་ཀའི་ཕྱིར་ཕུལ་བའི་གསེར་ཐམས་ཅད་ནི་གསེར་གྱི་སྐར་དེ་གཙང་ཁང་གི་ཚད་བཞིན་དུ་ཀི་ཀཱར་ཉི་ཤུ་རྩ་དགུ་དང་། དངུལ་སྲང་བདུན་བརྒྱ་དང་སུམ་ཅུ་ཡིན། ༢༥ མི་ཚོགས་ཀྱི་གྲངས་རྩིས་ལས་བྱུང་བའི་དངུལ་སྲང་གི་སྐར་ནི་གཙང་ཁང་གི་སྐར་ཚད་བཞིན་དུ་ཀི་ཀཱར་བརྒྱ་དང་། དངུལ་སྲང་སྟོང་གཅིག་བདུན་བརྒྱ་བདུན་ཅུ་དོན་ལྔའོ། ༢༦ མི་གྲངས་རྩིས་ནས་ཐོན་པ་རེ་རེ་ལོ་ཉི་ཤུ་ནས་བཟུང་སྟེ་ཡན་ཆད་ཀྱི་གྲངས་ནི་འབུམ་དྲུག་སྟོང་གསུམ་ལྔ་བརྒྱ་དང་ལྔ་བཅུ་ཡོད་པ་ཡིན། བེ་ཀ་ཡང་ན་གཙང་ཁང་གི་དངུལ་སྲང་གི་སྐར་བཞིན་དུ་དངུལ་ཕྱེད་དོ། ༢༧ དངུལ་གྱི་ཀི་ཀཱར་བརྒྱ་དེ་ལས་གཙང་ཁང་གི་ཞབས་གདན་དང་ཡོལ་བའི་ཕྱིར་ཞབས་གདན་རྣམས་བླུགས་ལ་བཏང་། ཞབས་གདན་བརྒྱ་ལ་ཀི་ཀཱར་བརྒྱ། ཞབས་གདན་རེ་ལ་ཀི་ཀཱར་གཅིག་གོ། ༢༨ དངུལ་སྲང་སྟོང་བདུན་བརྒྱ་དང་བདུན་ཅུ་དོན་ལྔ་དེ་ལས་ཀ་བའི་ཀྱུ་རྣམས་བྱས། ཀ་གཞུ་རྣམས་གཡོགས་པ་དང་། ཀ་མདའ་རྣམས་བྱས་སོ། ༢༩ ཡང་ཕུལ་བའི་ར་གན་ནི་ཀི་ཀཱར་བདུན་ཅུ་དང་སྲང་སྟོང་གཉིས་དང་བཞི་བརྒྱའོ། ༣༠ དེ་ལས་དེས་འདུན་མའི་གུར་མཆོག་གི་སྒོའི་ཞབས་གདན་རྣམས་དང་། རག་ནས་ཡིན་པའི་མཆོད་ཁྲི་དང་། དེའི་ར་གན་གྱི་དྲ་མིག་དང་མཆོད་ཁྲིའི་ཡོ་བྱད་ཐམས་ཅད་བཟོས་སོ། ༣༡ ཕྱོགས་བཞི་ལ་བསྐོར་ཡོད་པའི་ཁྱམས་ཀྱི་ཞབས་གདན་རྣམས་དང་། ཁྱམས་ཀྱི་སྒོ་ཆེན་པོའི་ཞབས་གདན་རྣམས་དང་། བཞུགས་གནས་ཀྱི་ཕུར་པ་ཐམས་ཅད་དང་ཁྱམས་ཀྱི་ཕུར་པ་ཐམས་ཅད་ཕྱོགས་བཞི་ལ་དེ་ལས་བྱས་སོ༎